ཕྱུག་ལོ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-11-27
ཨེ་ཅིབ་རྒྱལ་ཁབ་ཀྱི་ཉི་ལོ་གཙང་བོ་ཟུར་གསུམ་གླིང་ས་ཁུལ་གྱི་པུའུ་ཧེ་ལཱ་ཞིང་ཆེན་ཆགས་སའི་གྲོང་ཁྱེར་ཏ་མན་ཧུའུ་ཨར་གྱི་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་གཞུང་སྒྲུབ་ཁང་ཞིག་ལ་ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་ངོ་རྒོལ་པའི་འཇབ་རྒོལ་ཐེབས་ཏེ། ལོ་བཅོ་ལྔ་ཅན་གྱི་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་ཁོངས་མི་ཞིག་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ཅུ་ལྷག་ལ་རྨས་ཕོག
མུའུ་སི་ལིན་སྤུན་ཟླ་ཚོགས་པའི་རང་དབང་དང་དྲན་བདེན་ཏང་གིས་ཉིན་དེའི་ནམ་གུང་གསལ་བསྒྲགས་སྤེལ་ནས། འདས་པོའི་མིང་ལ་དབྱི་སི་ལན་ཧྥ་ཐི་ཞི་ཟེར་བ་དང་། སློབ་འབྲིང་སློབ་མ་ཞིག་ཡིན་ཞེས་བཤད། འཇབ་རྒོལ་དེ་ཏ་མན་ཧུའུ་ཨར་གྲོང་ཁྱེར་གྱི་ས་ཡེ་ཐང་ཆེན་དུ་བྱུང་བ་དང་། འཇབ་རྒོལ་དེ་མ་བྱུང་གོང་ཚོགས་པ་དེར་རྒྱབ་སྐྱོར་བྱེད་མཁན་སྟོང་གཅིག་དང་ལྔ་བརྒྱ་ཐང་ཆེན་དེའི་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་གཞུང་སྒྲུབ་ཁང་གི་ཉེ་འདབས་སུ་ཚོགས་ནས་ཙུང་ཐུང་མུའུ་ཨར་ཞི་ལ་རྒྱབ་སྐྱོར་བྱས་པ་མ་ཟད། ཐང་ཆེན་སྟེང་དུ་ངོ་རྒོལ་བྱེད་མཁན་བར་དུ་འཁྲུག་རྩོད་བྱུང་ནས། ཕན་ཚུན་བར་རྡོ་དང་དམ་བུ་གཡུག་རེས་བྱས།
གསལ་བསྒྲགས་ནང་དུ་འཁྲུག་རྩོད་བྱུང་སྐབས་ཉེན་རྟོག་པ་ས་དེར་མ་ཐོན་ཞེས་བསྒྲགས་ཡོད། དེའི་སྔོན་ཉིན་མོར་ཕྱོགས་གཉིས་ཀྱིས་ཏ་མན་ཧུའུ་ཨར་གྲོང་ཁྱེར་ནས་འཁྲུག་རྩོད་བྱུང་སྟེ། མི་ཉེར་དྲུག་ལ་རྨས་ཕོག
མུའུ་ཨར་ཞི་ཡིས་ཟླ་འདིའི་ཚེས་ཉེར་གཉིས་ཉིན་རྩ་ཁྲིམས་གསར་བ་སྒྲོག་པའི་གསལ་བསྒྲགས་སྤེལ་ནས། རྩ་ཁྲིམས་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་བྱ་བའི་དུས་ཡུན་དེ་ཟླ་གཉིས་ལ་ཇེ་རིང་དུ་བཏང་བ་མ་ཟད། ཁྲིམས་འཛིན་ལས་ཁུངས་གང་ལའང་གྲོས་མོལ་ཚོགས་འདུ་དང་རྩ་ཁྲིམས་གཏན་འབེབས་ཨུ་ཡོན་ལྷན་ཁང་གཏོར་བའི་དབང་ཆ་མེད་ཅེས་བསྒྲགས།
གསལ་བསྒྲགས་དེ་སྤེལ་རྗེས་ཨེ་ཅིབ་ནས་རྒྱལ་ཡོངས་རང་བཞིན་གྱི་མང་ཚོགས་ཀྱི་འགོག་རྒོལ་བྱ་འགུལ་བྱུང་བ་དང་། མུའུ་སི་ལིན་སྤུན་ཟླ་ཚོགས་པས་ས་གནས་མང་བོ་ནས་འདུ་ཚོགས་བསྡུས་ཏེ་མུའུ་ཨར་ཞི་ཡི་ཐག་གཅོད་ལ་རྒྱབ་སྐྱོར་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10