བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-11-13
འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་གཉིས་ཉིན་ཕུའུ་ཐའོ་ཡཱ་རྒྱལ་ཁབ་ཏུ་དུས་ཡུན་ཐུང་ངུའི་འཚམས་འདྲི་བྱས་ཏེ། ཕུའུ་ཐའོ་ཡཱའི་སྲིད་གཞུང་གིས་དཔལ་འབྱོར་གྲོན་ཆུང་སྲིད་ཇུས་ལག་བསྟར་བྱས་ནས་རྒྱལ་སྤྱིའི་རོགས་སྐྱོར་བརྩོན་ལེན་བྱེད་པར་རྒྱབ་སྐྱོར་བྱས།
མའོ་ཁི་ཨར་གྱིས་ཉིན་དེར་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཕུའུ་ཐའོ་ཡཱའི་སྲིད་གཞུང་གིས་དཔལ་འབྱོར་གྲོན་ཆུང་སྲིད་ཇུས་ལག་བསྟར་བྱས་པར་གཟེངས་བསྟོད་བྱས་པར་མ་ཟད། བགྲོད་ལམ་དེར་དཀའ་ཁག་ཆེ་ཡང་ཕུའུ་ཐའོ་ཡཱ་དང་ཡོ་རོབ་གླིང་ཡོངས་ལ་ཕན་ཐོགས་ཡོད་ཟེར། ཁོ་མོས་ད་རུང་འགན་ནུས་གང་ཡོད་འདོན་སྤེལ་བྱས་ཏེ་ཕུའུ་ཐའོ་ཡཱ་རྒྱལ་ཁབ་ལ་བདེ་སྐྱིད་ཀྱི་མ་འོངས་པ་ཡོད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།
མའོ་ཁི་ཨར་གྱིས་ཕུའུ་ཐའོ་ཡཱ་རུ་འཚམས་འདྲི་མ་བྱས་གོང་རྒྱལ་ཁབ་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དཔལ་འབྱོར་གྲོན་ཆུང་སྲིད་ཇུས་དེར་ཕན་ནུས་མྱུར་དུ་འབྱུང་མི་སྲིད་ལ་དེར་དུས་ཚོད་ངེས་ཅན་དགོས། མིག་སྔར་མི་རྣམས་ཀྱིས་དེའི་གྲུབ་འབྲས་མཐོང་མི་ཐུབ་ཡང་གྲུབ་འབྲས་མི་འགྱངས་པར་འབྱུང་སྲིད་ཟེར། ཁོ་མོས་ད་རུང་བཤད་རྒྱུར། དཔལ་འབྱོར་གྲོན་ཆུང་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་བཞིན་ཡོད་པས་ཕུའུ་ཐའོ་ཡཱ་རྒྱལ་ཁབ་ལ་ཡང་བསྐྱར་ཕྱི་ཕྱོགས་ཀྱི་རོགས་སྐྱོར་ཐོབ་མི་དགོས་ཟེར།
དུས་ཚོད་ལྔ་ལྷག་གི་རིང་ལ་མའོ་ཁི་ཨར་གྱིས་སོ་སོར་ཕུའུ་ཐའོ་ཡཱའི་ཙུང་ཐུང་ཞི་ཨར་ཝ་དང་ཙུང་ལི་ཁི་ཨེ་ལོས་གཉིས་ལ་གྲོས་མོལ་བྱས་པར་མ་ཟད། ཕུའུ་ཐའོ་ཡཱ་དང་འཇར་མན་གྱི་དཔལ་འབྱོར་གླེང་སྟེགས་ལ་ཞུགས། ཕུའུ་ཐའོ་ཡཱའི་མང་ཚོགས་ཀྱིས་ས་གནས་མང་བོ་ཞིག་ནས་མའོ་ཁི་ཨར་འཚམས་འདྲིར་ཡོང་བར་ངོ་རྒོལ་བྱས་པ་དང་། ཕུའུ་ཐའོ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་བདེ་སྲུང་བྱེད་ཐབས་ལ་མངོན་གསལ་སྒོས་ཤུགས་སྣོན་བྱས་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10