ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་ངལ་རྩོལ་བྱ་བ་དང་ལས་ཞུགས་ཀྱི་པུའུ་ཀྲང་གྲོས་ཚོགས་སྐབས་བཞི་བ་ཡོ་ནན་ནས་ཚོགས་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-10-26

ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་ངལ་རྩོལ་བྱ་བ་དང་ལས་ཞུགས་ཀྱི་པུའུ་ཀྲང་གྲོས་ཚོགས་སྐབས་བཞི་བ་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་ཧི་ནེ་ནས་ཚོགས་པ་དང་། དུས་ཡུན་ཉིན་གཉིས་ཀྱི་གྲོས་ཚོགས་སྐབས་སུ། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་སོགས་ལ་དམིགས་ཏེ་བསམ་འཆར་བརྗེ་རེས་བྱས་ནས། མ་འོངས་པའི་ལོ་གཉིས་ཀྱི་མཉམ་ལས་འཆར་གཞི་གཏན་འཁེལ་བྱེད་རྒྱུ་རེད།

ཡོ་ནན་གྱི་ཙུང་ལི་རོན་ཅིན་ཡུང་གིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཐེངས་འདིའི་གྲོས་ཚོགས་ནི་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་མཉམ་ལས་གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ངལ་རྩོལ་དང་ལས་ཞུགས། སྤྱི་ཚོགས་འགན་སྲུང་། དཔལ་འབྱོར་གྱི་རྒྱུན་མཐུད་སླར་གསོ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་སོགས་ཁྱབ་ཁོངས་ནས་ཉམས་མྱོང་བཟང་བོ་མཉམ་དུ་སྤྱོད་པ་དང་། མཉམ་ལས་ལ་ཡར་སྐུལ་བྱེད་པའི་སྟེགས་བུ་ཞིག་ཡིན་ཞིང་། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་བསམ་འཆར་བརྗེ་རེས་ལ་བརྟེན་ནས་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་ནུས་ལྡན་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་སོ་སོའི་སྡོད་དམངས་ལ་སྔར་ལས་ལྷག་པའི་ལས་ཞུགས་གོ་སྐབས་སྐྲུན་རྒྱུ་རེད་ཟེར།

ཉིན་དེའི་ཕྱི་དྲོར། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་ངལ་རྩོལ་བྱ་བ་དང་ལས་ཞུགས་ཀྱི་པུའུ་ཀྲང་གྲོས་ཚོགས་སྐབས་བཞི་བའི་སྟེང་ཧི་ནེའི་བསྒྲགས་གཏམ་སྤེལ། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་བསྒྲགས་གཏམ་ཁྲོད་དུ་རྒྱལ་ཁབ་རང་རང་གི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་ཁོར་ཡུག་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། ཁེ་ལས་ཀྱིས་སྤྱི་ཚོགས་འགན་འཁྲི་ཁུར་བར་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་། སྐབས་འདིའི་གྲོས་ཚོགས་ཀྱི་གྲོས་མོལ་གྲུབ་འབྲས་དང་ཧི་ནེའི་བསྒྲགས་གཏམ་དེ་ཟླ་བཅུ་གཅིག་པར་ལའོ་ཝའོ་བན་ཞང་དུ་བསྡུ་རྒྱུ་ཡིན་པའི་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མཐོ་རིམ་གྲོས་ཚོགས་སྐབས་དགུ་བར་སྤྲོད་རྒྱུ་རེད།

  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་ཞི་ལཱའི་བར་གྲོས་འཆམ་མ་བྱུང་བ།
  • ལེ་ཚན་རྗེས་མ།:ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་ལྷད་མེད་ཐོན་ཁུངས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།