ཨོ་པཱ་མཱ་ཡིས་ལི་པུ་ཡཱ་དང་ཨེ་ཅིབ་ཀྱི་མགོ་ཁྲིད་པར་ཁ་པར་བཏང་སྟེ་བདེ་འཇགས་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱས།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-09-14

ཨ་མེ་རི་ཁའི་ཕོ་བྲང་དཀར་པོར་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ལི་པུ་ཡཱ་དང་ཨེ་ཅིབ་ཀྱི་མགོ་ཁྲིད་པར་ཁ་པར་བཏང་སྟེ།ལི་པུ་ཡཱ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ནས་ཨ་མེ་རི་ཁར་རྒོལ་བའི་དྲག་ཤུགས་བྱ་འགུལ་བྱུང་རྗེས་ཕྱོགས་གཉིས་ཀྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།གསལ་སྒྲོག་ལས་བཤད་རྒྱུར།ཨོ་པཱ་མཱ་ཡིས་ལི་པུ་ཡཱའི་རྒྱལ་དམངས་གྲོས་ཁང་གི་ཀྲུའུ་ཞི་མཱ་ཅཱ་ལི་ཡཱ་ཧྥུའུ་ལ་ཁ་པར་གཏོང་སྐབས།ལི་པུ་ཡཱའི་སྲིད་གཞུང་གིས་ལི་པུ་ཡཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཧྲི་ཏིས་ཝུན་སི་སོགས་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣ་བཞི་རྐྱེན་ལམ་དུ་ཤོར་རྗེས་མཉམ་ལས་བྱས་པར་བཀའ་དྲིན་ཞུས་པ་དང་།ལི་པུ་ཡཱ་སྲིད་གཞུང་གིས་མུ་མཐུད་དུ་ཨ་མེ་རི་ཁའི་བར་མཉམ་ལས་བྱས་ཏེ།ཨ་མེ་རི་ཁའི་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པར་མ་ཟད།དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་ལི་པུ་ཡཱའི་པན་ཅཱ་ཞི་རུ་སྡོད་པའི་གཞུང་ཚང་ཁང་ལ་འཇབ་རྒོལ་བྱེད་མཁན་གྱི་ལག་དམར་དེ་ཁྲིམས་ལ་སྦྱོར་དགོས་པའི་སྐུལ་མ་བཏང་།ཨོ་པཱ་མཱ་ཡིས་ད་རུང་ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ལི་པུ་ཡཱ་རྒྱལ་ཁབ་ཀྱི་དམངས་གཙོའི་བར་བརྒལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་ནན་བཤད་བྱས།ཨེ་ཅིབ་ཀྱི་ཙུང་ཐུང་མུའུ་ཨར་ཞི་ལ་ཁ་པར་གཏོང་སྐབས།ཨོ་པཱ་མཱ་ཡིས་ཨ་མེ་རི་ཁས་ལག་བསྟར་བྱེད་བཞིན་པའི་ཨེ་ཅིབ་བར་གྱིི་དཔལ་འབྱོར་དང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཕྱོགས་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཕྱིར་དྲན་བྱས་པ་དང་།ཨེ་ཅིབ་རྒྱལ་ཁབ་ཀྱིས་ངེས་པར་དུ་ཨ་མེ་རི་ཁའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཨ་མེ་རི་ཁའི་ཕྱི་འབྲེལ་སྒྲིག་ཆས་དང་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་འོས་འགན་ལག་བསྟར་བྱེད་དགོས་པ་ནན་བཤད་བྱས། ཨོ་པཱ་མཱ་ཡིས་དབྱི་སི་ལན་ཆོས་ལུགས་ལ་ཁྱད་གསོད་བྱེད་པའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པའི་བསམ་ཚུལ་བསྟན་པ་དང་།ཞོར་དུ་ཉེས་མེད་མཁན་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་དེར་ཁ་གཡོར་ས་ཅི་ཡང་མེད་པ་ནན་བཤད་བྱས།

  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཨ་མེ་རི་ཁར་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སློང་བྱེད
  • ལེ་ཚན་རྗེས་མ།:ཡོ་རོབ་གླིང་གྲོས་ཁང་གིས་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་དྲག་ཤུགས་འགུལ་སྐྱོད་མཚམས་འཇོག་
  • དོ་སྣང་ཆེ་བའི་རྩོམ།