ཕྱུག་ལོ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-08-24
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་ལས་དོན་གྱི་འགན་འཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཅེ་ཧྥོ་ལེ་ཧྥེར་ཐི་མན་གྱིས་ཚེས་ཉེར་གཉིས་ཉིན་ཉིག་ཡའོ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོབ་སྔར་ལས་མང་བོ་འདོན་སྤྲོད་བྱས་ཏེ། རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བཞིན་པའི་སི་རི་ཡའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་དབུས་ཤར་གནས་བབ་ཐད་ནས་ཚོགས་འདུ་བསྡུས་པ་མ་ཟད། ཧྥེར་ཐི་མན་གྱི་ཡར་ཞུ་ལ་ཉན། འདི་ནི་ཧྥེར་ཐི་མན་གྱིས་ད་ལོའི་ཟླ་དྲུག་པར་དྲུང་ཡིག་ཆེན་མོ་གཞོན་པའི་འགན་འཁུར་རྗེས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཕུལ་བའི་ཡར་ཞུ་ཐེངས་དང་པོ་རེད། ཁོས་སི་རི་ཡའི་མི་ཆོས་རིང་ལུགས་ཀྱི་གནས་བབ་མྱུར་དུ་ཇེ་སྡུག་ལ་འགྲོ་བཞིན་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་སོ་སོས་ཞལ་འདེབས་སྔར་ལས་མང་བོ་ཕུལ་ནས་གནས་བབ་འདི་ཐག་གཅོད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཞེས་བཤད།
ཁོས་བཤད་རྒྱུར། མིག་སྔར་སི་རི་ཡའི་མི་ས་ཡ་གཉིས་དང་འབུམ་ལྔ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མཁོ་བ་དང་། ཁྱིམ་མཚེས་རྒྱལ་ཁབ་ཏུ་བྲོས་པའི་ཁྱིམ་གཞི་ཤོར་མཁན་དང་ཡུལ་གྱར་བའི་གྲངས་ཀ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར། ཁོས་ད་དུང་མི་ཆོ་རིང་ལུགས་ལས་དོན་གྱི་འགན་འཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མོ་སི་ཡི་སྐད་ཆ་དྲངས་ཏེ་སི་རི་ཡ་ནས་མི་ཆོས་རིང་ལུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
ཧྥེར་ཐི་མན་གྱིས་བཤད་རྒྱུར། མིག་སྔར་སི་རི་ཡའི་དྲག་ཤུགས་དོན་རྐྱེན་བསྟུད་མར་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་ལ། སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གཉིས་ཀས་དམག་དོན་དང་དྲག་ཤུགས་ཐབས་ལམ་སྤྱོད་བཞིན་ཡོད། སི་རི་ཡའི་མི་དམངས་འགལ་བ་སྔར་ལས་དམག་དོན་ཅན་དུ་གྱུར་བ་ལས་བྱུང་བའི་དཀའ་སྡུག་ཚབས་ཆེན་ལ་འཕྲད་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདྲེན་པ་དེར་ཡང་བསྐྱར་སེམས་ཁུར་བྱེད་བཞིན་ཡོད་ཟེར།
ཧྥེར་ཐི་མན་གྱིས་སི་རི་ཡ་ནས་བྱུང་བའི་འཁྲུག་རྩོད་དེ་ཁྱིམ་མཚེས་རྒྱལ་ཁབ་ལེ་པ་ནོན་ལ་མཆེད་སྲིད་པར་སེམས་ཁུར་བྱས། ཁོས་བཤད་རྒྱུར། སི་རི་ཡའི་ཉམས་ཉེན་ཚབས་ཇེ་ཆེར་སོང་བ་དེས་ལེ་པ་ནོན་གྱི་གནས་བབ་བརྟན་འཇགས་མིན་པར་བྱས་པ་དང་། ལེ་པ་ནོན་རྒྱལ་ནང་གི་གནས་བབ་དང་བདེ་འཇགས་གནད་དོན་དེ་སི་རི་ཡའི་གནས་བབ་ཀྱི་འཕེལ་ཕྱོགས་ལ་བརྟེན་ནས་ཚབས་ཇེ་ཆེར་འགྱུར་ཧ་ཅང་སླ་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པ་ནོན་སྲིད་གཞུང་དང་དམག་དཔུང་ལ་མུ་མཐུད་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10