ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-08-15
ལོན་ཏོན་ཨོ་རྩལ་འགྲན་ཚོགས་མཇུག་རྫོགས་པ་དང་བསྟུན་ནས་མི་རྣམས་ཀྱིས་མིག་དབང་དེ་ཉིས་སྟོང་བཅུ་དྲུག་ལོའི་ཨོ་རྩལ་འགྲན་ཚོགས་ཚོགས་ས་པ་ཞི་ཡི་ལི་ཡོ་རི་ནེ་ལུའུ་ཡི་ཕྱོགས་སུ་འཁོར།
ཚེས་བཅུ་གཉིས་ཉིན། པ་ཞི་ཡི་གནས་སྐོར་པ་བརྒྱ་ཕྲག་ལྷག་ལོན་ཏོན་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཡོད་པའི་པ་ཞི་ཨོ་རྩལ་ལྟེ་གནས་སུ་འདུས་ནས་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་བསྡུ་མཛད་སྒོར་བལྟས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལོ་ཀི་ཡིས་ཨ་ལུང་ལྔ་ཅན་གྱི་དར་ཆ་ལི་ཡོ་གྲོང་ཁྱེར་གྱི་མགོ་གཙོ་ཕ་ཨེད་སི་ལ་སྤྲོད་དུས་ལྟ་མཁན་རྣམ་པ་དགའ་བས་མྱོས།
པ་ཞི་ཡི་གནས་སྐོར་བ་ཞིག་གིས་བཤད་རྒྱུར། ངས་བསམ་ན་ལི་ཡོ་ཨོ་རྩལ་འགྲན་ཚོགས་དེ་ལོན་ཏོན་ཨོ་རྩལ་འགྲན་ཚོགས་དང་འདྲ་བར་ངོ་མཚར་ཆེ་རྒྱུ་རེད། སྐབས་དེར་ང་ལི་ཡོ་ན་ཡོད་ངེས། ཉིས་སྟོང་བཅུ་དྲུག་ལོར་ལི་ཡོ་ནི་རྔམ་བརྗིད་ལྡན་པ་ཞིག་ཡིན་ངེས་ཟེར།
པ་ཞི་ཡི་གནས་སྐོར་བ་ཞིག་གིས་བཤད་རྒྱུར། ད་ལྟ་འདུ་ཚོགས་དེ་ངའི་ཕ་ཡུལ་ནས་སྤེལ་རྒྱུ་རེད། འཛམ་གླིང་གིས་སང་པ་བྲོ་གར་དེ་གང་འདྲ་ཞིག་ཡིན་པ་ཧ་གོ་ངེས་རེད་ཟེར།
མིག་སྔར་ལི་ཡོ་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་ཚང་མ་མགྱོགས་མྱུར་སྒོས་སྒྲུབ་བཞིན་པའི་སྒང་ཡིན་ལ་འགྲན་ར་སོ་སོ་དང་གནམ་གྲུ་ཐང་སྦྲེལ་བའི་ཁྱོན་ཡོངས་ལ་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཡོད་པའི་མྱུར་བགྲོད་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་བཞི་མིག་སྔར་འགྲུབ་ལ་ཉེ་བ་དང་ས་འོག་ལྕགས་ལམ་ཡང་སྐྲུན་བཞིན་ཡོད། ལི་ཡོ་ཡི་གནམ་གྲུ་ཐང་རྒྱ་བསྐྱེད་པའི་ལས་གཞི་ཡང་ལོ་མཇུག་ཏུ་འགྲུབ་རྒྱུ་རེད།
ལི་ཡོ་ཡི་ཨོ་རྩལ་འགྲན་ར་སོ་བཞི་ཡོངས་ཀྱི་ནང་འགྲན་ར་བཅོ་བརྒྱད་བཀོལ་སྤྱོད་བྱེད་བཞིན་ཡོད། མགོ་ཚུགས་མཛད་སྒོ་དང་མཇུག་རྫོགས་མཛད་སྒོ་བསྡུ་སའི་མ་ན་ཁ་ལ་ལུས་རྩལ་ཁང་དེ་མིག་སྔར་སྒྲིག་གཞི་རང་བཞིན་གྱི་ཞིག་གསོ་དུས་རིམ་དང་གསར་སྣོན་སྒྲིག་ཆས་འཛུགས་བསྐྲུན་བྱེད་པའི་དུས་རིམ་དུ་འཁེལ་ཡོད། ལི་ཡོ་གྲོང་ཁྱེར་གྱི་མགོ་གཙོ་ཡིས་བཤད་རྒྱུར། ལི་ཡོ་ཡིས་དམ་བཅའ་བརྩི་སྲུང་བྱས་ནས་ལས་གཞི་ཡོད་ཚད་དུས་ཚོད་ལྟར་ནན་ཏན་སྒོས་སྤྲོད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།
ལོན་ཏོན་ཨོ་རྩལ་འགྲན་ཚོགས་དངོས་སུ་མཇུག་རྫོགས་པ་དང་བསྟུན་ནས་རྒྱལ་སྤྱིའི་སྨྱན་བྱད་ཀྱིས་དོ་ཁུར་བྱེད་ས་དེའང་ཉིས་སྟོང་བཅུ་དྲུག་ལོའི་ལི་ཡོ་རི་ནེ་ལུའུ་ཡི་ཨོ་རྩལ་འགྲན་ཚོགས་ཡིན།
པ་ཞི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཉིས་ཉིན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཁྲོད་པ་ཞི་ལུས་རྩལ་འཐུས་ཚབ་ཚོགས་པས་ཡར་སྔོན་གཏན་ཁེལ་བྱས་པའི་རྟགས་མའི་དམིགས་འབེན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད། ཁོ་ཚོས་སྐབས་རྗེས་མའི་ཨོ་རྩལ་འགྲན་ཚོགས་ནང་སྔར་ལས་མང་བའི་རྟགས་མ་ཐོབ་པར་རེ་བ་བྱེད་བཞིན་ཡོད་ཟེར།
པ་ཞི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཉིས་སྟོང་བཅུ་དྲུག་ལོའི་ལི་ཡོ་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁཱ་ལོ་སི•ནུའུ་ཙི་མན་དང་པ་ཞི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ལུས་རྩལ་སྤྱི་གཉེར་མ་ཁུའུ་སི•ཧྥུའུ་ལེད་ལེ་གཉིས་ཉིན་དེའི་སྒྲོག་སྤེལ་ཚོགས་འདུར་ཞུགས། ཧྥུའུ་ལེད་ལེ་ཡིས་བཤད་རྒྱུར། སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཁྲོད་དུ་པ་ཞི་ཡིས་གསེར་གྱི་རྟགས་མ་གསུམ་དང་དངུལ་གྱི་རྟགས་མ་ལྔ། ཟངས་ཀྱི་རྟགས་མ་བརྒྱད་བཅས་ཁྱོན་བསྡོམས་རྟགས་མ་བཅུ་དྲུག་བླངས་ནས་ལོ་རྒྱུས་སྟེང་གི་གྲུབ་འབྲས་ཆེས་བཟང་བོ་བླངས་ཟེར།
པ་ཞི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལུས་རྩལ་སྤྱི་གཉེར་མ་ཁུའུ་སི•ཧྥུའུ་ལེད་ལེ་ཡིས་བཤད་རྒྱུར། ངས་བསམ་ན་པ་ཞིའི་ལུས་རྩལ་འཐུས་ཚབ་ཚོགས་པའི་གྲུབ་འབྲས་ངོ་མ་བཟང་གི ཡར་སྔོན་གྱི་དམིགས་ཡུལ་ནི་རྟགས་མ་བཅོ་ལྔ་ལེན་རྒྱུ་དེ་རེད། ཁྱེད་ཀྱིས་ང་ལ་འདི་ལྟ་བུའི་གྲུབ་འབྲས་བླངས་བའི་ཚོར་སྣང་དྲིས་ན་ང་ནི་མི་གཞན་དག་དང་འདྲ་བར་རྟགས་མ་དེ་ལས་མང་བ་ཞིག་ལོན་ན་འདོད་ཟེར།
ཧྥུའུ་ལེད་ལེ་ཡིས་ད་དུང་བསྟན་དོན། སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྟེང་དུ་དབྱིན་ཇིའི་ལུས་རྩལ་འཐུས་ཚབ་ཚོགས་པས་པ་ཞི་ལ་མིག་དཔེ་བཞག་འདུག པ་ཞི་ཡི་ཕྱོགས་མང་པོ་ནས་དབྱིན་ཇིར་སློབ་སྦྱོང་བྱེད་དགོས། པ་ཞིའི་འཐུས་ཚབ་ཚོགས་པའི་ཉིས་སྟོང་བཅུ་དྲུག་ལོའི་དམིགས་འབེན་ནི་ད་ལོར་ཐོབ་པའི་རྟགས་མ་ལས་ལྡབ་གཅིག་འཕར་བར་བྱེད་རྒྱུ་མ་ཟད་རྟགས་མའི་སྤྱིའི་མང་ཉུང་གི་ཨང་བཅུ་བའི་ནང་དུ་བསླེབ་ཐུབ་པར་བྱ་རྒྱུ་དེ་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10