མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-08-14
དབྱི་ལང་ཏི་ཧེ་ལན་སློབ་ཆེན་ས་འགུལ་ལྟེ་གནས་ཀྱི་སྙན་ཞུ་ལྟར་ན། ས་དེའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་ང་གསུམ་སྟེང་ཨ་སེད་པད་ཅང་ཤར་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཏ་པུའུ་ལི་ཧྲི་ཉེ་འདབས་ཀྱི་ཨ་ཧ་ཨེར་གྲོང་ཁྱེར་དུ་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཅན་གྱི་ས་འགུལ་བྱུང་བ་དང་འགུལ་སྙིང་དེ་བྱང་གི་འཕྲེད་ཐིག་ཏུའུ38དང་ཤར་གྱི་གཞུང་ཐིག་ཏུའུ46དང་གྲངས་ཆུང་བརྒྱད་བདུན་གྱི་གནས་སུ་ཡོད་པ་དང་། ས་འགུལ་འབྱུང་ཁུངས་ཀྱི་ཟབ་ཚད་དེ་སྤྱི་ལེ10ཡིན་པས་འབྱུང་ཁུངས་མི་ཟབ་པའི་ས་འགུལ་ཡིན།
སྐར་མ་བཅུ་གཅིག་གི་རྗེས་སུ། འགུལ་སྙིང་དང་བར་ཐག་སྤྱི་ལེ་ཉི་ཤུ་ཡོད་པའི་ཝ་ཨེར་ཀྲ་ཀན་ས་ཁུལ་དུ་ཚད་རིམ6ཅན་གྱི་ས་འགུལ་བྱུང་། འདི་ནི་ས་འགུལ་ཐེངས་དང་པོའི་འགུལ་ལྷག་ཡིན། ས་འགུལ་བྱུང་བའི་རྗེས་སུ་འགུལ་ལྷག་40ལྷག་བྱུང་།
དབྱི་ལང་དཔོན་རིགས་ཀྱིས་བཤད་རྒྱུར། སྡེ་བ་དྲུག་ས་འགུལ་ཁྲོད་མེད་པར་བཏང་བ་དང་སྡེ་བ་དྲུག་བཅུ་ལྷག་གི་བརྒྱ་ཆའི་ལྔ་བཅུ་ཡན་གྱི་ཁང་བ་ཚང་མར་གཏོར་བརླགས་ཐེབས་ཟེར།
དབྱི་ལང་མེད་ཧི་ཨེར་གསར་འགྱུར་ཁང་གིས་ཟླ་གསར་ཚོགས་པའི་དཔོན་པོ་མོ་ཀྲ་ཧྥ་ཨེར་གྱི་སྐད་ཆ་དྲངས་ནས་བཤད་རྒྱུར། སྲིད་གཞུང་གིས་ས་འགུལ་གནོད་ཐེབས་ཁུལ་གྱི་མང་ཚོགས་ཁྲི་གཅིག་དང་སྟོང་དྲུག་ལྷག་ལ་སྡོད་གནས་བཀོད་སྒྲིག་བྱས་ཡོད་ཟེར།
དབྱི་ལང་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལང་གི་འཕྲོད་བསྟེན་པུའུ་ཀྲང་ཏ་སི་ཐི་ལི་ཏི་ཡིས་བཤད་རྒྱུར། དབྱི་ལང་སྲིད་གཞུང་གིས་མྱུར་སྐྱོབ་རླངས་འཁོར་ཞེ་བརྒྱད་དང་ཁྲག་ཁུག་མ་ལྔ་བརྒྱ་ལྷག་གནོད་པ་ཚབས་ཆེ་བའི་ས་ཁུལ་བསྐྱལ་བ་ཡིན་ཟེར། །
དབྱི་ལང་དུ་ཟིན་ཐོ་ཡོད་པའི་ཚུན་ནས་བྱུང་བའི་ཆེས་ཚབས་ཆེ་བའི་ས་འགུལ་དེ་ཉིས་སྟོང་གསུམ་ལོའི་ཟླ་བཅུ་གཉིས་པར་བྱུང་བ་དང་སྐབས་དེར་ལྷོ་ཕྱོགས་ཀྱི་ཁི་ཨེར་མན་ཞིང་ཆེན་གྱི་པ་མུའུ་གྲོང་ཁྱེར་དུ་ཚད་རིམ་དྲུག་དང་གྲངས་ཆུང་དྲུག་གི་ས་འགུལ་བྱུང་ནས་མི་ཁྲི་གསུམ་དང་སྟོང་གཅིག་རྐྱེན་ལམ་དུ་ཤོར་ལ། འདས་པོའི་མི་གྲངས་དེ་ནི་པ་མུའུ་གྲོང་ཁྱེར་གྱི་མི་གྲངས་ཀྱི་བཞི་ཆའི་གཅིག་ཡིན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10