ཨེ་ཅིབ་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་དམག་མི13རྐྱེན་ལམ་དུ་ཤོར་བ།

མཚོ་སྔོན་བོད་སྐད་རླུང་འཕྲིན།        2012-08-07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཞི་ནའེ་བྱང་མ་ཞིང་ཆེན་གྱི་ཅ་ཧྲ་ས་ཁུལ་དང་དབྱི་སི་རལ་གྱི་མཐའ་མཚམས་ལ་ཉེ་སའི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་ཚེས5ཉིན་གྱི་དགོང་མོར་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། དམག་མི13རྐྱེན་ལམ་དུ་ཤོར་བ་དང་། མི10ལ་རྨས་ཕོག

ས་དེའི་བདེ་འཇགས་སྡེ་ཁག་གི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་སྨྱུང་གྲོལ་ཟ་མ་ཟ་སྐབས་ལ་ཧྥ་ལྷོ་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ནས་བྱུང་ལ། ངོ་གདོང་གཡོགས་པའི་དྲག་ཆས་མི་སྣ་མང་བོས་ཞིབ་བཤེར་ས་ཚིགས་ལ་བསྟུད་མར་མེ་མདས་བརྒྱབ་རྗེས་ས་དེ་ནས་བྲོས་པ་མ་ཟད། ཁྲབ་ལྡན་རླངས་འཁོར་ཞིག་ཀྱང་འཕྲོག་ནས་སོང་ཟེར།

ས་དེའི་སྨན་ཁང་གི་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། རྨས་མ་རྣམས་ཨ་ལེ་ཧྲི་དང་ལ་ཧྥ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱབ་བྱེད་བཞིན་ཡོད་ལ། མི་མང་བོའི་རྨས་ཧ་ཅང་ལྗིད་ཟེར། ས་དེའི་བདེ་སྲུང་མི་སྣས་བཤད་རྒྱུར། དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏི་ཡི་དྲག་ཆས་མི་སྣས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་རེད་ཟེར། ན་ནིང་གི་ལོ་མགོར་ཨེ་ཅིབ་ལ་ཆབ་སྲིད་གཡོ་འགུལ་ཐེབས་པ་ནས་བཟུང་། ཞི་ནའེ་ཕྱེད་གླིང་གི་བདེ་འཇགས་གནས་བབ་ཇེ་སྡུག་ལ་གྱུར་བ་དང་། དྲག་ཆས་མི་སྣས་དབྱི་སི་རལ་དང་ཅོར་ཏན་ལ་སྐྱེལ་བའི་རླངས་བྱུང་སོལ་རླངས་ཀྱི་སྦུག་ལམ་ལ་འཇབ་རྒོལ་བྱས་པ་དང་ས་དེའི་པེ་ཏུའུ་དབྱིན་རིགས་ཀྱི་མིས་ཕྱི་གླིང་གནས་སྐོར་པ་བཙན་བཟུང་བྱས་པའི་དོན་རྐྱེན་མང་བོ་བྱུང་། ཉིས་སྟོང་བཅུ་གཅིག་ལོའི་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན། ཞི་ནའིེ་བྱང་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཨ་ལེ་ཧྲི་ཡི་ཉེན་རྟོག་ཁང་ཞིག་ལ་དྲག་ཆས་མི་སྣ་བརྒྱ་ལྷག་གི་འཇབ་རྒོལ་ཐེབས་ཏེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལྷག་ལ་རྨས་ཕོག  ། 

  • ལེ་ཚན་སྔོན་མ།:ལྗར་པན་གྱིས་རྒྱལ་སྲུང་ཐད་ཀྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ།
  • ལེ་ཚན་རྗེས་མ།:སི་རི་ཡའི་ཙུང་ལི་ངོ་ལོག་ནས་གཞན་དུ་བྲོས
  • དོ་སྣང་ཆེ་བའི་རྩོམ།