དབྱར་དུས་ཀྱི་ཨོ་རྩལ་འགྲན་ཚོགས་སྐབས་སུམ་ཅུ་བ་ལོན་ཏོན་ནས་མགོ་བརྩམས།

ལྕགས་མཚོ་ཐར།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-07-30

དབྱིན་ཇིའི་དུས་ཚོད་ཚེས་ཉེར་བདུན་ཉིན་གྱི་དགོང་མོའི་ཆུ་ཚོད་དགུ་དང་། པེ་ཅིན་གྱི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པའི་ཆུ་ཚོད་བཞི་ཡི་སྟེང་དུ། 2012ལོའི་དབྱར་དུས་ཀྱི་ཨོ་རྩལ་འགྲན་ཚོགས་སྐབས་སུམ་ཅུ་བ་དེ་ལོན་ཏོན་ནས་གཟབ་རྒྱས་ངང་མགོ་བརྩམས། མགོ་རྩོམ་པའི་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཁྲོད་དབྱིན་ཇིའི་ཞིང་ལས་དཔལ་ཡོན་ནས་བཟོ་ལས་གསར་བརྗེ། དེ་ནས་ཧྲ་ཧྲི་པེ་ཡ་དང་བློ་མཐུན་ཧན་ཏི། 007 ཧ་ལའེ་པའོ་ཐི་སོགས་མཚར་སྡུག་ལྡན་པའི་དབྱིན་ཇིའི་རིག་གནས་བསྐྱར་མཚོན་བྱས་ཡོད།

ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་དབྱང་ཝེ་ཡིས་བཤད་རྒྱུར། བྱིས་པ་ཚོའི་ལག་གི་ལྡོག་རྩིས་དུས་ཚོད་མཚོན་པའི་དབུགས་ལྒང་འཕྲོ་རིམ་འཕྲོར་གས་པ་དང་བསྟུན་ནས། ཨོ་ལིན་ཕིག་ཅོང་ཆེན་ཡང་བརྡུངས་བྱུང་། ངོ་མཚར་བའི་གླིང་ཕྲན་ཞེས་པ་བརྗོད་བྱར་བྱས་པའི2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཡང་དེར་བསྟུན་ནས་མགོ་བརྩམས་ཟེར།

ཞིང་སྡེའི་ཁང་ཆུང་དང་། ཞིང་རྨོ་བཞིན་པའི་ཞིང་པ་བུད་མེད། ཟ་མ་སྐོལ་བཞིན་པའི་ཁྱིམ་ཚང་སོགས་འཁྲབ་སྟོན་གྱི་ངོ་མཚར་ལྟད་མོས་ལྟ་མཁན་རྣམ་པའི་ཡིད་དབང་འཕྲོག

དེའི་རྗེས་སུ་རྔ་སྒྲ་ཆེན་པོས་ཞིང་ཁྱིམ་གྱི་ལྷིང་འཇགས་དེ་དཀྲོགས་པ་དང་། བཟོ་ལས་དཔལ་ཡོན་མཚོན་པའི་དུ་ཁུང་ཆེན་པོ་བདུན་ལུས་རྩལ་ར་བའི་དཀྱིལ་ནས་བསླངས། བཟོ་ལས་གསར་བརྗེས་དབྱིན་ཇིའི་མདུན་ལམ་བསྒྱུར་བ་དང་། མིའི་རིགས་ཀྱི་ལས་དབང་ཡང་བསྒྱུར་བ་རེད།

འདར་འགྲིལ་རོལ་དབྱངས་འོག་བར་སྣང་དུ་ཟླུམ་གོར་ཆེན་པོ་ལྔ་དུ་བའི་ཁྲོད་ནས་འདུས་ཏེ་ཨོ་རྩལ་འགྲན་ཚོགས་ཀྱི་ཟླམ་གོར་ལྔ་བོའི་འོད་མདངས་བཀྲ།

དབྱིན་ཇིའི་བྱིས་པའི་རྩོམ་རིག་ཁྲོད་ཀྱི་གདོན་འདྲེ་གསལ་ལ་མི་གསལ་བའི་གློག་འོད་ཁྲོད་ལུས་རྩལ་ར་བར་ཐོན། སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་སྨན་པ་དང་། ནད་གཡོག བྱིས་པའི་ཚོགས་དགའ་སྤྲོའི་བྲོ་གར་འཁྲབ་པ་དང་། མེ་ལྕེ་ཁྲོད་ཀྱི་འཐབ་འཛིང་རླངས་འཁོར་ཞེས་པའི་གློག་བརྙན་གྱི་རོལ་དབྱངས་ཀྱིས་ལྟད་མོ་བ་ཡོངས་སྤྲོ་བ་རབ་ཏུ་རྒྱས་སུ་བཅུག བློ་མཐུན་ཧན་ཏི་ཡིས་ཁོའི་ཁྱད་ཆོས་ལྡན་པའི་བྱེད་ཐབས་སྤྱད་ནས་རྒྱལ་ཁབ་འདིའི་རྩེ་མཚར་མཚོན་པར་བྱས།

མགོ་རྩོམ་པའི་མཛད་སྒོ་མ་བསྡུས་གོང་དུ་སྨྱན་བྱད་མང་པོས007དེ་བར་སྣང་ནས་ལུས་རྩལ་ར་བར་མཆོངས་རྒྱུ་རེད་ཅེས་འུར་བསྒྲགས་བྱས་མོད། འོན་ཀྱང་མི་ཚང་མས་བསམ་ཡུལ་ལས་འདས་པ་ཞིག་ནི་དབྱིན་ཇིའི་རྒྱལ་མོ་དབྱི་ལིས་ཧྲ་པའེ་སྐུ་ཕྲེང་གཉིས་པ་ཁོ་དང་མཉམ་དུ་ར་བའི་ནང་ཐོན་པ་དང་། དེ་ལས་ཀྱང་བསམ་ཡུལ་ལས་འདས་པ་ནི་རྒྱལ་མོས་མཆོངས་གདུགས་བཟུང་ནས་ར་བར་ཐོན་པ་དེ་རེད། ཡིན་ཡང་། འདི་ནི་གློག་བརྙན་གྱིས་རྫུན་བཟོ་དང་ཡུལ་དངོས་ཟུང་དུ་སྦྲེལ་བ་ཡིན། བརྙན་རིས་མགོ་རྩོམ་པའི་མཛད་སྒོའི་ཡུལ་དངོས་སུ་བརྗེ་པ་ན། དབྱིན་ཇིའི་རྒྱལ་མོ་ངོ་མ་དབྱི་ལིས་ཧྲ་པེ་སྐུ་ཕྲེང་གཉིས་པ་ལུས་རྩལ་ར་བའི་ནང་དུ་ཐོན་པ་དང་། མོ་དང་མཉམ་དུ་ཡོང་མཁན་ལ་མོའི་སྐྱེས་པ་རྒྱལ་རྒྱུད་ཧྥེ་ལིས་ཕུའུ་དང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལའོ་ཀི་གཉིས་ཡོད།

རིག་རྩལ་འཁྲབ་སྟོན་བྱས་ཚར་རྗེས། རྒྱལ་ཁབ་དང་ས་ཁུལ་ཉིས་བརྒྱ་དང་བཞི་ནས་ཡོང་བའི་ལུས་རྩལ་པ་ཁྲི་ལྷག་སྔ་གཞུག་ཏུ་ལུས་རྩལ་ར་བར་ཐོན། ཀྲུང་གོའི་འཐུས་ཚབ་ཚོགས་པ་དར་ཆ་འཛིན་མཁན་དབྱི་ཅན་ལེན་གྱི་སྣེ་ཁྲིད་འོག་ ཨང་ཞེ་གཉིས་པར་ར་བར་ཐོན། འཐུས་ཚབ་ཚོགས་པ་འདི་མི་དྲུག་བརྒྱ་དང་ཉེར་གཅིག་གིས་གྲུབ་པ་ཡིན་ལ། འདིའི་ནང་དུ་ལུས་རྩལ་པ་སུམ་བརྒྱ་དང་གོ་དྲུག་ཡོད་དེ། ཁོ་ཚོ་རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་ལོ། རྟ་ཐོག་ལུས་རྩལ་བཅས་ལས་གཞན་གྱིས་ལུས་རྩལ་རྣམ་གྲངས་ཆེན་པོ་ཉེར་གསུམ་དང་རྣམ་གྲངས་ཆུང་བ་ཉིས་བརྒྱ་དང་བཅུ་གཉིས་ཀྱི་འགྲན་སྡུར་ཁྲོད་ཞུགས་རྒྱུ་རེད། ཞང་ཀང་འཐུས་ཚབ་ཚོགས་པ་དང་ཀྲུང་ཧྭ་ཐའེ་པེ་འཐུས་ཚབ་ཚོགས་པ་སོ་སོ་ནི་ལུས་རྩལ་པ་ཞེ་གཉིས་དང་ཞེ་བཞིས་གྲུབ་ཡོད། ཀྲུང་གོ་སྲིད་གཞུང་གི་འཐུས་མི། རྒྱལ་སྲིད་ཨུ་ཡོན་ཏའེ་པེན་གོ་རྒྱལ་ཁབ་དང་ས་ཁུལ་བརྒྱད་ཅུ་ནས་ཡོང་བའི་རྒྱལ་ཁབ་ཀྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་ཁྲིད་སོགས་རྒྱལ་སྤྱིའི་སྐུ་མགྲོན་དང་མཉམ་དུ་མཛད་སྒོར་ཞུགས།

ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུའུ་ཞི་ལའོ་ཀི་ཡིས་ཤིས་ཚིག་ཕུལ་རྗེས། དབྱིན་ཇིའི་རྒྱལ་མོ་དབྱི་ལིས་ཧྲ་པེ་ཡིས་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྐབས་སུམ་ཅུ་པ་དངོས་སུ་མགོ་བརྩམས་པ་ཡིན་ལ། ང་ཚོས་མཉམ་དུ་གྲོང་ཁྱེར་འདི་དང་ཨོ་རྩལ་འགྲན་ཚོགས། དུས་རབས་འདིའི་ཆེད་དུ་རྟེན་འབྲེལ་ཞུ་ཞེས་བསྒྲགས།

མེ་གཞོང་བསྒྲོན་པའི་མཛད་སྒོ་བསྡུ་མགོ་བརྩམས་པ་དང་བསྟུན་ནས། དཔའ་འབར་དེ་པེ་ཁི་ཧན་མུའུ་ཡིས་མགྱོགས་གྲུར་བསྡད་དེ་ལོན་ཏོན་དཀར་ཡོལ་གྱི་མདུན་དུ་བསྐྱལ་ལ། ལོན་ཏོན་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་དཔའ་འབར་འཛིན་མཁན་གཙོ་བོ་མེད་པར་བཟོས་ནས་ན་གཞོན་བདུན་གྱིས་མཉམ་དུ་ཟངས་ཀྱི་འདབ་མ་ཉིས་བརྒྱ་དང་བཞི་ཡིས་གྲུབ་པའི་དཔའ་འབར་བསྒྲོན།

མཛད་སྒོ་མ་བསྡུས་གོང་དུ་དབྱིན་ཇིའི་རྒྱལ་མོ་དབྱི་ལིས་ཧྲ་པའེ་སྐུ་ཕྲེང་གཉིས་པས་པེ་ཅིན་ཧན་ཕོ་བྲང་ནས་རྒྱལ་ཁབ་སོ་སོའི་མགོ་གཙོ་དང་སྲིད་གཞུང་གི་མགོ་ཁྲིད་སོགས་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ལ་དགའ་བསུའི་སྣེ་ལེན་ཚོགས་འདུ་བསྡུས། ཏའེ་པེན་གོ་ཚོགས་འདུར་ཞུགས།

  • ལེ་ཚན་སྔོན་མ།:ཁྲའོ་ཞན་གྱིས་ཨ་མེ་རི་ཁས་བྱ་སྤྱོད་སྟེང་ནས་ཁྲའོ་ཞན་དགྲ་རུ་མི་འཛིན་པ་བདེན་དཔང་བྱེད་དགོས་པའི་རེ་བ་བཏོན་པ
  • ལེ་ཚན་རྗེས་མ།:སི་རི་ཡའི་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་གིས་མུ་མཐུད་དུ་འཐབ་འཁྲུག་དྲག་པོ་བརྒྱབ།
  • དོ་སྣང་ཆེ་བའི་རྩོམ།