བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-07-27
ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པས་ཚེས་ཉེར་ལྔ་ཉིན་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པུས་རང་ནས་དམག་དོན་བློ་འདོན་པའི་གྲོས་ཚོགས་བསྡུས་ཏེ། དམག་མི་མངག་ནས་མཱ་ལིའི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པའི་བྱེ་བྲག་གི་ཇུས་གཞི་ལ་ཞིབ་འཇུག་བྱས།
ཁོ་ཐེ་ཏི་ཝོར་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་གི་སྤྱིའི་བློ་འདོན་པ་པཱ་ཁཱ་ཡའོ་ཁི་ཡིས་གྲོས་ཚོགས་མགོ་རྩོམ་པའི་ཞུ་ཚིག་ཕུལ་སྐབས་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པས་དམག་དཔུང་མངག་གཏོང་བྱེད་པའི་བྱེ་བྲག་གི་ཇུས་གཞི་གཏན་འབེབ་བྱེད་ཆེད། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་མཱ་ལིའི་གནས་བབ་དང་ལག་རྩལ་དཔྱད་འཇོག་ཚོགས་པ་ཟླ་བདུན་པའི་ཚེས་དགུ་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་མཱ་ལིའི་རྒྱལ་ས་པཱ་མཱ་ཁི་རུ་རྟོག་ཞིབ་བྱས་པ་དང་། ཐེངས་འདིའི་གྲོས་ཚོགས་ནས་ལག་རྩལ་དཔྱད་འཇོག་ཚོགས་པའི་རྟོག་ཞིབ་མཇུག་འབྲས་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར།
ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པས་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་མགོ་གཙོའི་མཐོ་རིམ་གྲོས་ཚོགས་ཀྱི་སྤྱི་སྒྲོག་སྤེལ་ཏེ། མྱུར་དུ་ལག་རྩལ་དཔྱད་འཇོག་ཚོགས་པ་མངག་གཏོང་བྱས་ཏེ་མི་འགྱངས་པར་བསླེབ་ལ་ཉེ་བའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་མཱ་ལིའི་ཆེད་མངག་ཚོགས་པར་སྔོན་ནས་གྲ་སྒྲིག་བྱེད་རྒྱུ་ཐག་བཅད།
མཱ་ལིའི་བར་བརྒལ་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་བཀོད་པའི་གྲོས་མཐུན་ལྟར་ན། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པས་མི་སྟོང་གསུམ་ལྷག་ཡོད་པའི་ཆེད་མངག་ཚོགས་པ་མཱ་ལི་རྒྱལ་ཁབ་ཏུ་མངག་ནས་མཱ་ལིའི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་ཐོབ་པར་རོགས་རམ་བྱེད་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10