ཧྥ་རན་སི་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ཀྱིས་བྱེད་ཐབས་གང་རུང་སྤྱད་དེ་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་ལ་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བསྟན་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2012-08-02

ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་དབྱི་ཐཱ་ལེའི་ཙུང་ལི་མིན་ཏིས་གཉིས་ཀྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཕཱ་རེ་སི་ནས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཧྥ་རན་སི་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་ཆ་ཚང་རང་བཞིན་ལ་དམ་དུ་སྦྲེལ་ཡོད་པས། བྱེད་ཐབས་གང་རུང་སྤྱད་དེ་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་ལ་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དེའི་ཕྱིར་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་ཡོ་རོབ་གླིང་མནའ་འབྲེལ་ལས་ཁུངས་ཀྱིས་རང་གི་ཁེ་དབང་ལྟར་དུ་རང་རང་གི་འོས་འགན་ལག་བསྟར་བྱས་ཏེ། ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་དང་ཡོ་རོབ་གླིང་གི་དངུལ་ལོར་ཚོང་རའི་བརྟན་འཇགས་དང་རྒྱུན་ལྡན་འཁོར་བསྐྱོད་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། འབྲེལ་ཡོད་ཕྱོགས་སོ་སོས་གང་མགྱོགས་སྒོས་ཟླ་སྔོན་མའི་ཟླ་དྲུག་པའི་ཟླ་མཇུག་གི་ཡོ་རོབ་གླིང་མནའ་འབྲེལ་གྱི་དབྱར་ཁའི་མཐོ་རིམ་གྲོས་ཚོགས་སྟེང་ནས་བཀོད་པའི་གྲོས་མཐུན་དངོས་འབེབས་བྱེད་པ་དང་། དགོས་གལ་ཆེ་བའི་གནས་ཚུལ་འོག དུས་ཚོད་ཆེས་ཐུང་ངུའི་ནང་གྲོས་མཐུན་ནང་ཁས་ལེནབ་ྱས་པའི་ནང་རྐྱེན་དང་ཡོ་བྱད་བེད་སྤྱོད་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨོ་ལིང་ཏི་དང་མིན་ཏིས་གཉིས་ཀྱིས་ད་རུང་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དུས་ཡུན་འབྲིང་གི་འཕེལ་རྒྱས་ཀྱི་ལམ་ཐིག་འཆར་གཞིའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཁོ་ཚོས་བལྟས་ན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་ཆེད་དུ་སྔར་ལས་ལེགས་པའི་ཆབ་སྲིད་འཆར་གཞི་ཞིག་འགོད་དགོས་པར་འདོད། ཁོ་ཚོས་མ་འོངས་པའི་གཟའ་འཁོར་འགའི་ནང་ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་མགོ་ཁྲིད་པ་གཞན་པ་དག་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་རེད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ཏི་ལཱ་ཅི་ཡིས་དངུལ་ལོར་ཚོང་རར་དམིགས་ཏེ་རྣམ་འགྱུར་བསྟན་པར་དགའ་བསུ་ཞུས།

  • ལེ་ཚན་སྔོན་མ།:འཛམ་གླིང་དངུལ་ཁང་གིས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་རིན་གོང་གི་འཕེལ་འགྲིབ་ཐག་གཅོད་བྱེད་པར་གྲ་སྒྲིག་བྱེད
  • ལེ་ཚན་རྗེས་མ།:ལྗར་པན་གྱིས་རྒྱལ་སྲུང་ཐད་ཀྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ།
  • དོ་སྣང་ཆེ་བའི་རྩོམ།