མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-07-18
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་མཐོ་རིམ་མགོ་གཙོའི་གྲོས་ཚོགས་སྐབས19བ་ཚེས17ཉིན་གྱི་ཞོགས་པར་ཨེ་སེ་ཨོ་ཕུ་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་ནས་གྲོལ། ཚེས15ཉིན་གྲོས་ཚོགས་ནས་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུ་བདམས་པའི་ཨ་ཧྥེ་རི་ཁ་ལྷོ་མའི་ནང་སྲིད་པུའུ་ཀྲང་ཏི་ལཱ་མུས་ནེ་ཙུའུ་མཱ་ཡིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ལོ་རྒྱུས་སྟེང་གི་བུད་མེད་ཀྲུའུ་ཞི་ཐོག་མར་གྱུར།
ཏི་ལཱ་མུས་ནེ་ཙུའུ་མཱ་ཡིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ་བཤད་རྒྱུར། ཁོ་མོ་བདམས་ཐོན་བྱུང་བ་ནི་ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ཡོངས་དང་། ཁྱད་པར་དུ་ཨ་ཧྥེ་རི་ཁ་གླིང་གི་བུད་མེད་ཀྱི་རྒྱལ་ཁ་ཡིན་ཞིང་། ཁོ་མོས་ལྷག་བསམ་རྣམ་དག་གིས་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲི་ལག་བསྟར་བྱས་ཏེ། ཨ་ཧྥེ་རི་ཁ་གླིང་གི་མཐུན་སྒྲིལ་དང་ཞི་བདེ་ལ་ཡར་སྐུལ་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
ལས་འཁྱུར་ངལ་གསོ་བྱས་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རང་ཕེན་གྱིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཏི་ལཱ་མུས་ནེ་ཙུའུ་མཱ་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་བུད་མེད་ཀྲུའུ་ཞི་ཐོག་མར་བདམས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཁོས་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་སྐབས་ཁོ་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཞུས།
སྐབས་འདིའི་མཐོ་རིམ་གྲོས་ཚོགས་ནས་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འདེམ་བསྐོ་བྱས་པ་ལས་གཞན་ད་རུང་ཨ་ཧྥེ་རི་ཁ་གླིང་ནང་ཁུལ་གྱི་ཉོ་ཚོང་འཕེལ་རྒྱས་དང་། མཱ་ལི་དང་ཁོང་གོ་ཅིན། ལྷོ་བྱང་སུའུ་ཏན་སོགས་ས་ཁུལ་གྱི་ཉམས་ཉེན་དང་འཁྲུག་རྩོད་ཇི་ལྟར་ཐག་གཅོད་བྱེད་པའི་ཐད་གྲོས་བསྡུར་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10