ཨུ་རུ་སིའི་ལྷོ་ཕྱོགས་སུ་ཆུ་ལོག་བྱུང་ནས་མི་བརྒྱ་ཕྲག་རྐྱེན་ལམ་དུ་ཤོར།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-07-11

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་ཁི་ལ་སི་ནའོ་ཏ་ཨར་མཐའ་མཚམས་ས་ཁུལ་དུ་ཚེས6ཉིན་གྱི་དགོང་མོ་ནས་བཟུང་དྲག་ཆར་བབས་ནས་ཆུ་ལོག་བྱུང་། ཨུ་རུ་སིའི་ནང་སྲིད་སྡེ་ཁག་ལས་ཤེས་པའི་གནས་ཚུལ་ལྟར་ན་མི144ཆུ་ལོག་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

ཨུ་རུ་སིའི་སྲིད་གཞུང་གིས་བསྒྲགས་རྒྱུར། ཁི་ལ་སི་ནའོ་ཏ་ཨར་མཐའ་མཚམས་ས་ཁུལ་དུ་ཚེས6ཉིན་གྱི་དགོང་མོ་ནས་ཚེས་བདུན་ཉིན་གྱི་ཞོགས་པའི་བར་གྱི་ཆར་ཆུ་འབབ་ཚད་དེ་ཟླ་ལྔའི་ནང་གི་ཆར་ཆུའི་འབབ་ཚད་དང་འདྲ་མཚུངས་རེད་ཟེར།

ཁི་ལིས་མུའུ་ས་ཁུལ་དང་ཀི་ལེན་ཅི་ཁི་ས་ཁུལ། ་ལའོ་ཞི་སི་ཁི་ས་ཁུལ་གསར་བ་བཅས་ས་ཁུལ་གསུམ་དུ་གནོད་སྐྱོན་ཐེབས་པ་ཚབས་ཆེན་ཡིན་ཏེ། གནོད་འཚེ་ཐེབས་པའི་མི་གྲངས་དེ་ཆིག་ཁྲི་ཉིས་སྟོང་ལས་བརྒལ་བ་དང་། ས་ཆ་མང་པོར་ཆུ་དང་གློག་ཆད། དེ་མིན་ཆུ་ལོག་གིས་ས་དེའི་འགྲིམ་འགྲུལ་ལ་ཡང་གནོད་པ་ཆེན་པོ་བཟོས། ས་དེའི་སྲིད་གཞུང་གིས་འདི་ནི་ཉེ་བའི་ལོ་བདུན་ཅུའི་ནང་དུ་བྱུང་བའི་ཆེས་ཚབས་ཆེ་བའི་ཆུ་ལོག་ཡིན་ཟེར།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བདུན་ཉིན་གྱེན་འཕུར་གནམ་གྲུ་ལ་བསྡད་དེ་གནོད་ཐེབས་ས་ཁུལ་ལ་ལྟ་ཞིབ་བྱས། བསྒྲགས་པའི་གནས་ཚུལ་ལྟར་ན། ས་དེའི་སྲིད་གཞུང་གིས་མཚན་མོར་ཆུ་མཛོད་ཀྱི་འགག་སྒོ་ཕྱེ་མོད། འོན་ཀྱང་དུས་ཐོག་ཏུ་མི་སྣ་ཕྱིར་འཐེན་བྱེད་པའི་སྔོན་བརྡ་མ་བཏང་བས་མི་མང་ཆེ་ཤོས་ནི་གཉིད་བཞིན་པའི་སྐབས་སུ་ཆུ་ལོག་གིས་འཁུར། ཕུའུ་ཅིན་གྱིས་འབྲེལ་ཡོད་སྡེ་ཁག་ལ་བརྟག་དཔྱད་བྱེད་དགོས་པའི་བཀའ་ཕབས། ཨུ་རུ་སིའི་གནམ་གཤིས་རྟོག་དཔྱོད་སྡེ་ཁག་གིས་སྔོན་དཔག་བྱས་པ་ལྟར་ན་གནོད་ཐེབས་ས་ཁུལ་དུ་ཉིན་འདི་གཉིས་ནང་དུ་ད་དུང་ཆར་ཆུ་འབབ་སྲིད་མོད། འོན་ཀྱང་འབབ་ཚད་ཧ་ཅང་ཇེ་ཆུང་དུ་འགྲོ་བས་གནོད་སྐྱོན་ཇེ་ཆེར་འགྲོ་བའི་ཉེན་ཁ་ཆེན་པོ་མེད་ཟེར།  །  

 
  • ལེ་ཚན་སྔོན་མ།:ཨུ་རུ་སིའི་གྱེན་འཕུར་གནམ་གྲུ་ཞིག་སཱ་ཧཱ་སྤྱི་མཐུན་རྒྱལ་ཁབ་ནས་སར་ལྷུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:ལ་རོ་ཆེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་འགྲེམ་གཏོང་བྱས།
  • དོ་སྣང་ཆེ་བའི་རྩོམ།