ལྕགས་བྷོ། མཚོ་སྔོན་པོ་དྲ་བ། 2012-06-29
དགེ་རྒན་ཆེན་མོ་ཁྲཱ་ཨར་སུ་རཱམ་པའོ་ལགས(གཡས)ཀྱིས་འཆད་ཁྲིད་གནང་བཞིན་པ།
ཟླ6པའི་ཚེས11ཉིན་ནས་ཚེས14ཉིན་བར་དུ། རྒྱལ་སྤྱིའི་བོད་རིག་པའི་ཆེད་མཁས་པ་གྲགས་ཅན་ནམ་དགེ་རྒན་ཆེན་མོ་ཁྲཱ་ཨར་སུ་རཱམ་པའོ་ལགས་ཀྱིས(Charles Ramble)ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་གི་གདན་ཞུ་ལྟར་སློབ་གྲྭ་དེ་གར་ཡོང་ནས་ཉིན་བཞིའི་རིང་དུ་རིག་གཞུང་བགྲོ་གླེང་གནང་བ་རེད།
ཁྲཱ་ཨར་སུ་རཱམ་པའོ་ལགས་ནི་རྒྱལ་སྤྱིའི་བོད་རིག་པ་དང་མིའི་རིགས་རིག་པ་སྨྲ་བ་གྲགས་ཅན་ནམ་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཀྲུའུ་ཞི་ཡིན་ཞིང་། 2000ལོ་ནས་བཟུང་དབྱིན་ཇིའི་ཨོ་ཁི་སི་ཧྥར་ཏི་སློབ་ཆེན་ནུབ་ཕྱོགས་སློབ་གླིང་ནས་དགེ་རྒན་ཆེན་མོའི་འགན་བཞེས་ཏེ་བོད་རིག་པའི་ཆེད་མཁས་པ་མང་པོ་སྐྱེད་སྲིང་བྱས་པ་དང་། 2006ལོར་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཀྲུའུ་ཞིར་བསྐོས། 2010ལོ་ནས་བཟུང་ཧྥ་རན་སེའི་ཕ་རི་སི་མཐོ་རིམ་ཞིབ་འཇུག་ལག་ལེན་སློབ་གླིང་དུ་བོད་ཀྱི་ཡིག་ཚང་དང་ལོ་རྒྱུས་ཐད་ཀྱི་དགེ་རྒན་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས། ཁོང་གི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་ཧི་མ་ལ་ཡའི་ཡུལ་གྱི་སྤྱི་ཚོགས་དང་དམངས་ཁྲོད་ཆོས་ལུགས་དང་། བོན་ཆོས། མཆོད་སྦྱིན་དང་མཆོད་མཇལ། བོད་ལྗོངས་དང་བལ་བོའི་སྤྱི་ཚོགས་ལོ་རྒྱུས་སོགས་ཀྱི་ཁྱབ་ཁོངས་མང་པོ་འདུས་ལ། ཁོང་གི་བརྩམས་ཆོས་ལ«སྲིན་མོའི་ལྟེ་བ་སྟེ་བལ་བོའི་མཐོ་སྒང་དུ་དར་བའི་བོད་བརྒྱུད་ནང་བསྟན་དང་ཡུལ་གྱི་ཆོས་ལུགས»(The Navel of the Demoness: Tibetan Buddhism and Civil Religion in Highland Nepal )ཞེས་པ་དང་། «བལ་བོའི་སྨོན་ཐང་གི་སྤྱི་ཚོགས་ལོ་རྒྱུས་སྐོར་གྱི་བོད་ཡིག་ཡིག་ཚང»(Tibetan Sources for s Social History of Mustang, Nepal, Volume 1: the Archive of Te) «བོད་ཀྱི་མཆོད་མཇལ་དང་མཆོད་སྦྱིན་གྱི་རྣམ་པ། བོར་ཟིན་པའི་བོན་པོའི་རྒྱལ་རབས་འཚོལ་བ»(Sacred Landscape and Pilgrimage in Tibet: in Search of the Lost Kingdom of Bon) «ཧི་མ་ལ་ཡའི་ཁུལ་གྱི་གནས་མཆོག»(Sacred Landscape in the Himalaya)སོགས་མང་དུ་མཆིས།
དགེ་རྒན་ཆེན་མོ་ཁྲཱ་ཨར་སུ་རཱམ་པའོ་ལགས་ཀྱིས་ཉིན་བཞིའི་རིང་དུ་རྒྱལ་ཕྱིའི་བོད་རིག་པའི་ཞིབ་འཇུག་གི་གནས་བབ་སྐོར་གླེང་བར་མ་ཟད། ཁོང་ཉིད་ཀྱི་བོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་གསར་བ་སོགས་འཆད་ཁྲིད་རྒྱ་ཆེན་པོ་གནང་བ་སྟེ། «བོད་རིག་པ་ཡོ་རོབ་གླིང་དུ་དར་ཚུལ་སྐོར་གླེང་བ»དང་། «བོད་ཀྱི་རྣམ་ཐར་རྩོམ་རིག་གི་བྱུང་ཚུལ་གླེང་བ»། «བལ་བོའི་ལོ་རྒྱུས་དང་དེའི་རིག་གནས་ཀྱི་སྣ་མང་རང་བཞིན་ངོ་སྤྲོད»། «ཤཱཀྱ་ཐུབ་པ་དང་གཤེན་རབ་མི་བོ་ཆེའི་རྣམ་ཐར་ཁྲོད་ཀྱི་བརྗོད་གཞི་འགའི་ཁུངས་འདེད་པ»བཅས་བརྗོད་པ་རེད། ཐེངས་འདིའི་འཆད་ཁྲིད་ལ་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོའམ་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱིས་མདོ་འཛིན་བྱས་ཤིང་། སློབ་གྲྭ་དེ་གའི་འབུམ་རམས་པའམ་དགེ་རྒན་གཡང་མོ་མཚོ་ལགས་དང་རྣམ་རྒྱལ་ཚེ་བརྟན་ལགས་གཉིས་ཀྱིས་ལོ་ཙཱ་བྱས།
དགེ་རྒན་ཆེན་མོ་ཁྲཱ་ཨར་སུ་རཱམ་པའོ་ལགས་ཀྱིས་གླེང་གཞི་ཁག་དང་པོ་སྟེ«བོད་རིག་པ་ཡོ་རོབ་གླིང་དུ་དར་ཚུལ་སྐོར་གླེང་བ»ཞེས་པའི་ཁྲོད་དུས་རབས13པར་བོད་ལྗོངས་དང་ཡོ་རོབ་གླིང་དབར་དར་གོས་འགྲུལ་ལམ་སྟེང་བྱུང་བའི་སྔ་མོའི་འབྲེལ་བ་དང་། དུས་རབས16པར་ཡོ་རོབ་གླིང་གི་ཡེ་ཤེས་ཆོས་ལུགས་དང་གནམ་བདག་ཆོས་ལུགས་ཀྱི་ཆོས་སྤེལ་བ་རྣམས་བོད་ལྗོངས་སུ་གནས་པའི་ལོ་རྒྱུས། དེ་མིན་དུས་རབས19པར་བོད་རིག་པ་འདི་རིག་ཚན་ཏུ་བྱས་ནས་ཡོ་རོབ་གླིང་དུ་དར་སྤེལ་བྱུང་བའི་ལོ་རྒྱུས་རྒྱབ་ལྗོངས་སྤྱི་སྡོམ་མཛད་དེ་དུས་རབས་དེའི་རྗེས་ཀྱི་ཡོ་རོབ་གླིང་གི་རིག་གནས་པ་རྣམས་ཀྱིས་བོད་ཀྱི་སྐད་དང་ཆོས་ལུགས་རིག་གནས་ལ་རྒྱུས་ལོན་བྱེད་པར་ལོ་རྒྱུས་ཀྱི་ནུས་པ་གལ་ཆེན་བཏོན་པ་བཅས་བརྗོད་པ་རེད།
གླེང་གཞི་ཁག་གཉིས་པ་སྟེ«བོད་ཀྱི་རྣམ་ཐར་རྩོམ་རིག་གི་བྱུང་ཚུལ་གླེང་བ»ཞེས་པའི་ཁྲོད་ལེགས་སྦྱར་ཡིག་དང་། རྒྱ་ཡིག སྟག་གཟིག་ཡིག་བཅས་ཀྱི་རྣམ་ཐར་རྩོམ་རིག་དབར་གྱི་འབྲེལ་བ་ལ་དཔྱད་ནས་རྣམ་ཐར་རྩོམ་རིག་ནི་བོད་རང་ས་གནས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འབྲས་བུ་ཡིན་པ་བརྗོད་པ་དང་། དགེ་རྒན་ཆེན་མོ་ཁྲཱ་ཨར་སུ་རཱམ་པའོ་ལགས་ཀྱིས་བཤད་རྒྱུར་བོད་ཀྱི་རྣམ་ཐར་རྩོམ་རིག་ལ་ལོ་རྒྱུས་རིན་ཐང་དོད་པོ་ལྡན་པ་སྟེ་བོད་ཀྱི་རྣམ་ཐར་རྩོམ་རིག་ཁག་ཅིག་གིས་ལོ་རྒྱུས་ཞིབ་འཇུག་པ་རྣམས་ལ་བོད་ཀྱི་སྤྱི་ཚོགས་ཞིབ་འཇུག་བྱེད་པར་རྒྱུ་ཆ་འདོན་སྤྲོད་བྱས་ཡོད་ཅེས་སྐད། དེར་མ་ཟད་ཁོང་ཉིད་ཀྱིས་རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐ་དང་། ཞྭ་ནག་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྵི། ཨོ་རྒྱན་པ་རིན་ཆེན་དཔལ་སོགས་ཀྱི་རང་རྣམ་ལ་དཔྱད་པ་དང་མཉམ་དུ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་། ཡིག་ཕུད་སྙན་ངག གེ་སར་བྱུང་བརྗོད་སྙན་ངག བལ་བོ་ནས་ཐོན་པའི་བོད་ཀྱི་གནའི་ཡིག་ཆ་བཅས་ལ་ཞིབ་འཇུག་བྱེད་པ་ཟུང་དུ་སྦྲེལ་ནས་བོད་ཀྱི་རང་རྣམ་རྩོམ་པ་པོ་རྣམས་ཀྱིས་རྩོམ་རིག་བརྩམས་ཆོས་ཁྲོད་རང་ཉིད་ཀྱི་རིན་ཐང་ལ་གདེང་འཇོག་དང་ཁས་ལེན་གནང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་འགྲན་རྩོད་ཀྱི་དབང་གིས་ཡིན་ཞེས་སྡོམ་ཚིག་བཀོད། དེའི་རྗེས་ཁོང་ཉིད་ཀྱིས་བོད་ཀྱི་རྩོམ་རིག་བརྩམས་ཆོས་ཁྲོད་བློ་གྲོས་དང་སྙིང་སྟོབས་མངོན་པར་མཚོན་པའི་ཤགས་ཚིག་དང་དང་དབྱིན་ཇིའིFlytingགཉིས་བསྡུར་ནས་བོད་ཀྱི་རྩོམ་ལུས་ཐ་དད་པའི་རྩོམ་རིག་བརྩམས་ཆོས་ཁྲོད་རྣམ་ཐར་རྩོམ་རིག་གི་ཁུངས་དེད་དེ་རྣམ་ཐར་རྩོམ་རིག་དེ་བོད་དུ་ཐོག་མར་དར་བའི་དུས་སུ་ནས་བཟུང་རང་ས་གནས་ཀྱི་ཤགས་འབྱེད་པའི་སྲོལ་ལུགས་ལས་ཉིང་བསྡུ་དང་དེར་དཔེ་ལྟ་བྱས་པ་གསལ་བོར་བརྗོད་པ་རེད།
གླེང་གཞི་ཁག་གསུམ་པ་སྟེ«བལ་བོའི་ལོ་རྒྱུས་དང་དེའི་རིག་གནས་ཀྱི་སྣ་མང་རང་བཞིན་ངོ་སྤྲོད»ཞེས་པ་ལས་དགེ་རྒན་ཆེན་མོ་ཁྲཱ་ཨར་སུ་རཱན་པའོ་ཡིས་ས་གཤིས་རིག་པའི་ངོས་ཐད་ནས་སྐལ་བ་ཡ་ཐོག་དུས་ཀྱི་སའི་གོ་ལའི་ཆགས་ཚུལ་དང་། ཧི་མ་ལ་ཡའི་རི་རྒྱུད་རིམ་གྱིས་འབུར་ཏུ་ཐོན་ནས་མཐའ་སྐོར་གྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚུལ། ཡུལ་དེར་གནའ་རྫས་འདོན་པའི་ཚུལ་སོགས་ལ་ཚན་རིག་དང་མཐུན་པར་འགྲེལ་བརྒྱབ། དེའི་རྗེས“བལ་བོ་དང་ཀ་ཏ་མན་རྡུ”སོགས་ཀྱི་མིང་ནས་བཟུང་སྟེ་བལ་བོའི་ལོ་རྒྱུས་དང་། ལོ་རྒྱུས་སྟེང་གི་བལ་བོ་དང་རྒྱ་གར། དབྱིན་ཇིའི་བར་ཏུ་བྱུང་བའི་དོན་རྐྱེན་ཆེན་པོ་འགའ་བཅས་བརྗོད་པ་རེད།
གླེང་གཞི་ཁག་བཞི་བ་སྟེ«ཤཱཀྱ་ཐུབ་པ་དང་གཤེན་རབ་མི་བོ་ཆེའི་རྣམ་ཐར་ཁྲོད་ཀྱི་བརྗོད་གཞི་འགའི་ཁུངས་འདེད་པ»ཞེས་པའི་ཁྲོད་དགེ་རྒན་ཆེན་མོ་ཁྲཱ་ཨར་སུ་རཱན་པའོ་ཡིས་ཁྲི་དར་མ་འུ་དུམ་བཙན་གྱི་དབུ་རུ་རྭ་སྐྱེས་ཞེས་པའི་དམངས་ཁྲོད་ངག་རྒྱུན་དང་བོད་བརྒྱུད་ནང་བསྟན་ཆོས་འབྱུང་ཁྲོད་བོན་བསྟན་སྲོལ་འབྱེད་མཁན་སྟོན་པ་གཤེན་རབ་མི་བོ་ཆེ་ལ་བོང་བུའི་རྣ་ཅོག་སྐྱེས་པ་བཅས་ལས་འཆད་ཁྲིད་ཀྱི་བརྗོད་གཞི་དྲངས་པ་སྟེ། བོད་ཀྱི་ངག་རྒྱུན་དེ་གཉིས་དང་གནའ་བོའི་ཀེ་རི་སེའི་ལྷ་སྒྲུང་ཁྲོད་ཝེར་ཇི་ཉི་ཡའི་རྒྱལ་པོ་མཱེ་ཏ་སི་དང་། གནའ་བོའི་ཨིར་ལན། སཱར་པེའུ། ཝེའུ་སི། རྒྱ་གར་སོགས་ཀྱི་རྒྱལ་པོའི་ངག་རྒྱུན་དང་བསྡུར་ནས་བ་གླང་གི་རྭ་དང་བོང་བུའི་རྣ་ཅོག་ནི་གནའ་བོའི་མི་རིགས་སོ་སོའི་སྐལ་བ་ཡ་ཐོག་གི་རིག་གནས་ཁྲོད་རྒྱལ་དབང་གི་མཚོན་བྱེད་ཅིག་ཡིན་ཚུལ་བརྗོད་པ་རེད། སྔོན་མའི་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་དང་བལ་བོ་ནས་ཐོན་པའི་བོད་ཡིག་གི་མཆོད་བསྟོད་ལ་དཔྱད་པ་དང་མཉམ་དུ། བལ་བོའི་ལྷོ་རྒྱུད་དང་དབུས་གཙང་ས་ཁུལ་དུ་ཡུལ་དངོས་སུ་རྟོག་ཞིབ་བྱས་པར་ཟུང་དུ་སྦྲེལ་ནས་ཕན་ཚུན་འབྲེལ་བ་ཡོད་པའི་ཐ་སྙད་ཁག་ཅིག་སྟེ། “ཨ་ཡ”དང་། “ལྷ་བོན” “ཨ་ཡ་བོན་པོ” “ཨ་ཡ་ལྷ་བོན”བཅས་སུ་དཔྱད་པ་བཏང་ནས་སྔོན་མའི་ནང་བསྟན་བསྟན་བཅོས་དང་དུས་ཕྱིའི་བོན་ཆོས་ཡིག་ཆ། དེ་མིན་དེང་རབས་ཀྱི་བོན་པོའི་བསྟན་བྱ་དང་ཆོ་གའི་ཁྲོད“ཨ་ཡ”མཆོད་བཞེངས་པའི་བཀོད་ཚུལ་མི་འདྲ་བ་རྣམས་ལ་ཞིབ་འཇུག་དཔྱིས་ཕྱིན་པ་མཛད་ནས་ལོ་རྒྱུས་དུས་རིམ་སོ་སོའི་ཁྲོད་ནང་བསྟན་བསྟན་བཅོས་ལས་སྟོན་པ་གཤེན་རབ་མི་བོ་ཆེ་དང་། བོན་པོའི་མཆོད་བཞེངས་པ། བོན་བསྟན་གྱི་བསྟན་བྱ་དང་ཆོ་ག་སོགས་ཀྱི་བཀོད་ཚུལ་མི་འདྲ་བ་དྲངས་ནས་སྟོན་པ་གཤེན་རབ་མི་བོ་ཆེའི་རྣམ་ཐར་གྱི་འཕེལ་རིམ་བརྗོད་པ་རེད།
དགེ་རྒན་ཆེན་མོ་ཁྲཱ་ཨར་སུ་རཱན་པའོ་ལགས་ཀྱིས་ནང་བསྟན་མདོ་རྒྱུད་ཀྱི་བསྟན་བཅོས་ཏེ«འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་ཆེན་མདོ»ཞེས་པ་ལས་བཀོད་པའི་སྟོན་པ་ཤཱཀྱ་མུ་ནེའི་རྣམ་ཐར་དང་བོན་པོའི་བསྟན་བཅོས«མདོ་གཟེར་མིག»ལས་བཀོད་པའི་སྟོན་པ་གཤེན་རབ་མི་བོ་ཆེའི་རྣམ་ཐར་གཉིས་དང་འབྲེལ་ནས་དམ་པ་འདི་གཉིས་ཀྱི་མཛད་རྗེས་བཅུ་གཉིས་དང་རྩལ་འགྲན་པ་སོགས་ལ་དཔྱད་པ་གཏིང་ཟབ་བཏང་བ་རེད། དེའི་རྗེས་ཁོང་ཉིད་ཀྱིས་ཨ་ཡ་མཆོད་བཞེངས་པའི་ངོས་ཐད་ནས་གླང་གི་རྭ་ཅོ་དང་། བོང་བུའི་རྣ་ཅོག མགོ་དཀྲིས་ནི་བོད་ཀྱི་བཙན་པོ་དང་སྟོན་པ་གཤེན་རབ་མི་བོ་ཆེའི་རྣམ་ཐར་ཁྲོད་ཀྱི་བརྗོད་བྱ་གཙོ་བོ་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་གནའ་བོའི་མི་རིགས་ཀྱི་སྐལ་བ་ཡ་ཐོག་གི་རིག་གནས་ཁྲོད་ཀྱི་ཐུན་མོང་གི་སྲོལ་རྒྱུན་ཞིག་ཡིན་ཞིང་། དེའི་གདོད་མའི་བརྗོད་བྱ་དེ་དུས་ཕྱིའི་ཡིག་ཆའི་ཁྲོད་འཕོ་འགྱུར་ངེས་ཅན་བྱུང་ཡོད་མོད་ཀྱང་། བརྗོད་བྱའི་ཡང་སྙིང་མུ་མཐུད་དུ་རྒྱུན་འཛིན་བྱས་ཡོད་ཅེས་ར་སྤྲོད་བྱས་པ་རེད།
དགེ་རྒན་ཆེན་མོ་ཁྲཱ་ཨར་སུ་རཱན་པའོ་ལགས་ཀྱིས་རྣམ་མང་གཞུང་ལུགས་ཟབ་ཡངས་བཅུད་དུ་བསྡུས་ཏེ་གནད་དུ་འཐིངས་ཤིང་ཕུན་སུམ་ཚོགས་པོའི་རིག་གཞུང་འཆད་ཁྲིད་གནང་ཞིང་། དེས་རྒྱ་ཆེའི་དགེ་སློབ་རྣམ་པར་ངེས་པ་དོན་གྱིས་རྒྱལ་ཕྱིའི་བོད་རིག་པ་ཞིབ་འཇུག་ཐད་ཀྱི་འཕེལ་ཕྱོགས་དང་གྲུབ་འབྲས་དག་རྒྱུས་ལོན་བྱེད་པར་མཐུན་རྐྱེན་ནམ་སྟེགས་བུ་ཞིག་བསྐྲུན་པའི་ཁར། ཕན་ཚུན་གྱིས་རྗེས་སོར་མུ་མཐུད་དུ་རིག་གཞུང་འབྲེལ་འདྲིས་བྱས་ཏེ་བོད་རིག་པའི་ཆེད་མཁས་པ་དེ་ལས་མང་པོ་ཞིག་སྐྱེད་སྲིད་བྱེད་པར་རྨང་བརྟན་པོ་ཞིག་བཏིངས་པའོ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10