ཅ་ཆིན་ལིན་གྱིས་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལ་མཇལ་འཕྲད་གནང་།

ལྕགས་མཚོ།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-06-29

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཚེས་ཉེར་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོ་དང་དབྱི་སི་ལན་དཔལ་ཡོན་དཔྱད་མོལ་ཚོགས་འདུར་ཞུགས་སུ་ཡོང་བའི་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་དབྱི་ཧི་སང་ཨའོ་ལུའུ་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཅ་ཆིན་ལིན་གྱིས་ཀྲུང་གོ་དང་དབྱི་སི་ལན་དཔལ་ཡོན་དཔྱད་མོལ་ཚོགས་འདུ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་ཤིང་། དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིས་ཀྲུང་གོ་དང་དབྱི་སི་ལན་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཇེ་བརྟན་དང་། ཀྲུང་གོ་དང་དབྱི་སི་ལན་རྒྱལ་ཁབ་ཀྱི་འབྲེལ་བ་གོང་དུ་སྤེལ་བའི་ཐད་འབད་པ་བྱས་པར་གཟེངས་བསྟོད་བྱས་ལ། ཀྲུང་གོ་དང་དབྱི་སི་ལན་རྒྱལ་ཁབ་ནི་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཆབ་སྲིད་གྲོགས་པོ་དང་གཉིས་ཕན་མཉམ་རྒྱལ་གྱི་དཔལ་འབྱོར་གྲོགས་པོ། འབྲེལ་འདྲིས་དང་ཕན་ཚུན་མིག་དཔེར་འཛིན་པའི་མི་ཚུལ་ཁྱབ་ཁོངས་ཀྱི་གྲོགས་པོ་བཅས་ཡིན་པས། ཀྲུང་གོ་དང་དབྱི་སི་ལན་རྒྱལ་ཁབ་ཀྱི་མཛའ་མཐུན་འབྲེལ་བ་དེ་དཔལ་ཡོན་མི་འདྲ་བར་འཆམ་མཐུན་མཉམ་གནས་དང་འདྲ་མཉམ་མཉམ་ལས་སྤེལ་བའི་མིག་དཔེར་གྱུར་ཡོད་ཅེས་ནན་གྱིས་བསྟན་ལ། ཅ་ཆིན་ལིན་གྱིས་དབྱི་སི་ལན་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་ཞིན་ཅིང་། བོད་ལྗོངས་སོགས་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་ཐད་དུ་ཀྲུང་གོར་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་མཛད།

ཅ་ཆིན་ལིན་གྱིས་བསྟན་དོན། འཛམ་གླིང་གི་གནས་བབ་ལ་རྙོག་འཛིང་ཆེ་བའི་འཕོ་འགྱུར་འབྱུང་བའི་གནས་ཚུལ་འོག་ཀྲུང་གོ་དང་དབྱི་སི་ལན་རྒྱལ་ཁབ་ཀྱིས་མཉམ་ལས་གཙོ་བོར་བཟུང་ནས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་དང་དཔལ་ཡོན་གྱི་གླེང་མོལ་སྤེལ་དགོས་ཤིང་། ཕྱི་ཕྱོགས་ཀྱི་འགལ་རྐྱེན་དག་སེལ་བར་བྱས་ནས་སྔར་ལས་རིང་བའི་མིག་རྒྱང་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་དུ་སྤེལ་བར་འཆར་འགོད་བྱེད་དགོས་ཟེར།

དབྱི་ཧི་སང་ཨའོ་ལུའུ་ཡིས་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པས། དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིས་ཀྲུང་གོའི་ཕྱོགས་དང་འབྲེལ་འདྲིས་དང་མཉམ་ལས་བྱེད་པར་ཤུགས་བསྣན་ནས། དབྱི་སི་ལན་རྒྱལ་ཁབ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བ་དེ་ཚད་རིམ་སྔར་ལས་མཐོ་བ་དང་སྔར་ལས་རྒྱ་ཆེར་སྤེལ་བར་སྐུལ་འདེད་བྱེད་འདོད་ཡོད་ཟེར།

  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་བོད་རིག་པའི་ཆེད་མཁས་པ་ཁྲཱ་ཨར་སུ་རཱམ་པའོ་ཡིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་།
  • ལེ་ཚན་རྗེས་མ།:ལྗང་བུའི་སྙན་ངག་ཕྱོགས་སྒྲིག་གི་དེབ་ཅིག་ཧྥ་རན་སིའི་ཡི་གེར་དཔར་སྐྲུན་བྱས།
  • དོ་སྣང་ཆེ་བའི་རྩོམ།