ཁྲའོ་ཞན་གྱིས་ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་སྦྱོང་བརྡར་བྱེད་སྐབས་ཁྲའོ་ཞན་གྱི་རྒྱལ་དར་འབེན་དུ་བྱས་པར་རྒོལ་གཏམ་བཏང་བ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-06-26

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་ཚེས་ཉེར་གཉིས་ཉིན་བསྡུས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྐབས་ཁྲའོ་ཞན་གྱི་རྒྱལ་དར་འབེན་དུ་བྱས་པ་པ་དང་། དེ་ནི་ཆེས་ཐལ་དྲགས་པའི་དམག་དོན་དཀྲུག་འཕེན་དང་ཆབ་སྲིད་དཀྲུག་འཕེན་བྱ་སྤྱོད་ཅིག་ཡིན་ལ། ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་གཅིག་བསྡུས་སྒོས་མཚོན་ཡོད་ཟེར།

མགྲིན་ཚབ་པ་དེས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཐེངས་འདིའི་ཁྲའོ་ཞན་གྱི་རྒྱལ་དར་འབེན་དུ་བྱས་པ་ལས་ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་ཀྱིས་ཁྲའོ་ཞན་དགྲ་རུ་འཛིན་འདོད་མེད་པར་བཤད་པ་དང་། ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མཐུན་ཁྲོད་ཁས་ལེན་བྱས་པའི་ཁྲའོ་ཞན་དགྲ་རུ་མི་འཛིན་པར་བཤད་པ་ནི་རྫུན་གཏམ་ཁོ་ན་ཡིན་པ་ཡང་བསྐྱར་བདེན་དཔང་བྱས་ཡོད། ཉེ་ལམ་ཨ་མེ་རི་ཁས་ཕྱོགས་མང་བོ་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པར་མ་ཟད། ཚད་ལས་བརྒལ་ཡོད་ཟེར།

མགྲིན་ཚབ་པ་དེས་བསྟན་དོན། ཨ་མེ་རི་ཁས་ཉིང་རྡུལ་མཚོན་ཆར་བརྟེན་ནས་ཁྲའོ་ཞན་ལ་འཇིགས་ཉེན་བཟོ་བའི་དུས་རབས་མཇུག་རྫོགས་པ་དང་། ཁྲའོ་ཞན་ལ་སྟོབས་དང་ལྡན་པའི་ཉིང་རྡུལ་ཚོད་འཛིན་ནུས་པ་ཡོད་ལ། ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ན། ཁྲའོ་ཞན་གྱིས་སྔར་ལས་ལྷག་པའི་སྒོ་ནས་རང་སྲུང་ནུས་པར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

  • ལེ་ཚན་སྔོན་མ།:ཨ་མེ་རི་ཁས་ཁྲའོ་ཞན་གྱི་བཀག་སྡོམ་ཡུན་ཚད་ཇེ་རིང་དུ་བཏང་བ།
  • ལེ་ཚན་རྗེས་མ།:ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།