ཉེ་ལམ། ཐེ་ལན་རྒྱལ་ཁབ་ཀྱི་པང་ཁོག་གྲོང་ཁྱེར་དུ་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་དྲན་ཤེས་ཡ་ཞི་ས་ཁུལ་ཨུ་ཡོན་ལྷན་ཚོགས་ཐེངས་ལྔ་པའི་ཚོགས་ཆེན་དུ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་ཡར་ཞུ་བྱས་པའི“ས་སྐྱ་བ་དང་ཕག་གྲུ་སྲིད་དབང་སྐབས་ཀྱི་གཞུང་ཡིག”ལ་འབྲེལ་ཡོད་ཆེད་མཁས་པས་འདེམ་ཤོག་མཚམས་སྦྱོར་བྱས་པར་བརྒྱུད་འཛམ་གླིང་དྲན་ཤེས་ཡ་ཞི་ས་ཁུལ་གྱི་མིང་ཐོར་ཚུད། འདི་ནི2002ལོར༼ཀྲུང་གོའི་ཡིག་ཚགས་དཔྱད་ཡིག་ཤུལ་བཞག་མིང་ཐོ༽རུ་བདམས་རྗེས། “ས་སྐྱ་བ་དང་ཕག་གྲུ་སྲིད་དབང་སྐབས་ཀྱི་གཞུང་ཡིག”ཤུལ་བཞག་ཡར་ཞུ་བྱ་བར་སྔར་ལས་འཕེལ་རྒྱས་བྱུང་། འདི་ཡང་བོད་ལྗོངས་ཀྱི་ཐོག་དང་པོའི་འཛམ་གླིང་དྲན་ཤེས་ཡ་ཞི་ས་ཁུལ་གྱི་མིང་ཐོའི་རྣམ་གྲངས་ཡིན།
ཐེངས་འདིར་འཛམ་གླིང་དྲན་ཤེས་ཡ་ཞི་ས་ཁུལ་གྱི་མིང་ཐོར་ཚུད་པའི“ས་སྐྱ་པ་དང་ཕག་གྲུ་སྲིད་དབང་སྐབས་ཀྱི་གཞུང་ཡིག”བསྡོམས་པས22ཡོད་ཅིང་། དེ་ཁྲོད་དུ་བཀའ་ལུང4དང་ཁྲིམས་ལུང5དང་། ཆབ་ཤོག15ཡོད། གཅིག་ནས་དེའི་ལོ་རབས་ཤིན་ཏུ་རིང་བ་སྟེ་སྤྱི་ལོ1304ནས1367ལོའི་བར་གྱི་ཡོན་རྒྱལ་རབས་སྐབས་ཡིན་ལ། བོད་ལྗོངས་ནང་ཁུལ་དུ་ས་སྐྱ་དང་ཕག་གྲུ་སྲིད་གཞུང་གཉིས་བརྒྱུད་ཡོད། གཉིས་ནས་བཟོ་དབྱིབས་ཐུན་མོང་མ་ཡིན་པ་སྟེ་དེར་བཀའ་ལུང་དང་ཁྲིམས་ལུང་མངའ་བར་མ་ཟད་ད་དུང་ཆབ་ཤོག་དཔྱད་ཡིག་ཀྱང་ཡོད་ལ། ཐོན་སྐྱེད་ས་གནས་དང་ཚད་རིམ་ཡང་ཐུན་མོང་མ་ཡིན་པར་སྣང་། བཀའ་ལུང་ནི་རྒྱལ་ནང་ནས་ལག་བཟོ་ཐོན་སྐྱེད་བྱས་ཤིང་། ཁྲིམས་ལུང་དང་ཆབ་ཤོག་དཔྱད་ཡིག་ཚང་མ་བོད་ཤོག་ལས་གྲུབ་པ་དང་ཡིག་གཟུགས་རྣམ་པའང་ཁྱད་དུ་འཕགས་པ་ཡིན། གསུམ་ནས་ཡིག་རིགས་ཁྱད་དུ་འཕགས་པ་སྟེ་རྒྱལ་པོའི་བཀའ་ལུང་ནི་འགྲོ་མགོན་འཕགས་པ་རྒྱལ་མཚན་གྱིས་སོག་ཡིག་གསར་བཟོ་བྱས་པ་ལས་བྲིས་ཤིང་། ཁྲིམས་ལུང་དང་ཆབ་ཤོག་དཔྱད་ཡིག་ནི་བོད་ཡིག་གིས་བྲིས་ཡོད། བཞི་ནས་ནང་དོན་ཕུན་སུམ་ཚོགས་པ་སྟེ་ཡིག་ཚགས་འདིས་མདོ་དབུས་མཐོ་སྒང་གི་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་འཚོ་བ་དང་། བོད་ལྗོངས་ཆོས་སྲིད་ཟུང་འབྲེལ་གྱི་དབང་བསྒྱུར་རྣམ་པ་མཚོན་ཞིང་། ཆོས་སྲིད་ཟུང་འབྲེལ་གྱི་དབང་བསྒྱུར་རྣམ་པར་གཞུང་ལུགས་དང་དངོས་ཡོད་ཀྱི་རྨང་གཞི་བཏིངས་ཡོད་པ་རེད། དེ་མིན་ཡིག་ཚགས་འདིས་ས་སྐྱའི་སྲིད་གཞུང་གི་ཆོས་སྲིད་ཟུང་འབྲེལ་གྱི་དབང་བསྒྱུར་རྣམ་པ་སྲུང་བ་མཚོན་ལ། སྐབས་དེའི་ལོ་རྒྱུས་ཞིབ་འཇུག་བྱེད་པར་ཡིག་ཚགས་དཔྱད་གཞིའི་ཡིག་ཆ་ཆེན་མོ་ཞིག་མཁོ་འདོན་བྱས་པ་རེད།
རྒྱུས་ལོན་པ་ལྟར་ན། འཛམ་གླིང་དྲན་ཤེས་མིང་ཐོ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སྤེལ་བའི་དགེ་མཚན་རྒྱ་ཆེར་ལྡན་པའི་རྒྱལ་སྤྱི་རང་བཞིན་གྱི་ལས་རིགས་ཤིག་ཡིན་ཞིང་། འཛམ་གླིང་ཧྲིལ་བོའི་ཁྱབ་ཁོངས་སུ་མིག་སྔར་རྙིང་བཞིན་པ་དང་། བརླག་བཞིན་པ། ཡལ་བཞིན་པའི་གཅེས་ནོར་ཡིག་ཚགས་མིང་ཐོ་དག་རྒྱལ་སྤྱིའི་མཉམ་འབྲེལ་བྱས་ཏེ་ཆེས་ལེགས་པའི་ལག་རྩལ་སྤྱད་དེ་མྱུར་སྐྱོབ་བྱེད་པར་དམིགས་པ་ཡིན། མིང་ཐོ་འདིར་འཛམ་གླིང་མིང་ཐོ་དང་། ས་ཁུལ་མིང་ཐོ། རྒྱལ་ཁབ་མིང་ཐོ་བཅས་རིགས་གསུམ་ཡོད།
༼ས་སྐྱ་བ་དང་ཕག་གྲུ་སྲིད་དབང་སྐབས་ཀྱི་གཞུང་ཡིག༽ཡར་ཞུའི་ཡིག་ཆའི་དེབ་ངོས།
༼ས་སྐྱ་བ་དང་ཕག་གྲུ་སྲིད་དབང་སྐབས་ཀྱི་གཞུང་ཡིག༽ཡར་ཞུའི་ཡིག་ཆ།
༼ས་སྐྱ་བ་དང་ཕག་གྲུ་སྲིད་དབང་སྐབས་ཀྱི་གཞུང་ཡིག༽ཡར་ཞུའི་ཡིག་ཆ།