ཅ་ཆིན་ལིན་གྱིས་ཐེ་ཝན་མཚོ་འགག་བརྗེ་རེས་ཐེབས་རྩ་ཚོགས་པའི་གསར་དུ་འགན་ཁུར་བའི་ཏུང་ཧྲི་ཀྲང་ལིན་ཀྲུང་སིན་ལ་མཇལ་འཕྲད་གནང་བ།

དཔའ་བརྟན་རྒྱལ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-10-19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཚེས17ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་ཝན་མཚོ་འགག་བརྗེ་རེས་ཐེབས་རྩ་ཚོགས་པའི་གསར་དུ་འགན་ཁུར་བའི་ཏུང་ཧྲི་ཀྲང་ལིན་ཀྲུང་སིན་ལ་མཇལ་འཕྲད་གནང་།

    ཅ་ཆིན་ལིན་གྱིས་ལིན་ཀྲུང་སིན་གྱིས་ཐེ་ཝན་མཚོ་འགག་བརྗེ་རེས་ཐེབས་རྩ་ཚོགས་པའི་ཏུང་ཧྲི་ཀྲང་གི་འགན་ཁུར་བར་ཆེད་དུ་རྟེན་འབྲེལ་ཞུས་པར་མ་ཟད། ལིན་ཀྲུང་སིན་གྱིས་ཐེ་ཝན་མཚོ་འགག་བརྗེ་རེས་ཐེབས་རྩ་ཚོགས་པའི་རིག་གནས་ཉོ་ཚོང་འཚམས་འདྲི་ཚོགས་པར་དགའ་བསུ་ཞུས། ཅ་ཆིན་ལིན་གྱིས་བཤད་རྒྱུར། ཁྱེད་ཀྱི་སྔོན་ལ་ལས་འགན་ཁུར་བའི་བློ་མཐུན་ཅང་པིན་ཁུང་ངེད་གཉིས་ཀྱིས་ཐེངས་མང་པོར་མཇལ་འཕྲད་བྱས་མྱོང་བ་དང་ཁོས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་བཅོས་བསྒྱུར་གྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ཁྱེད་ཀྱིས་ལས་འགན་ཁུར་ནས་ཉིན་ཉི་ཤུ་ལྷག་འགོར་རྗེས་འཐུས་ཚབ་ཚོགས་པ་ཁྲིད་དེ་འཚམས་འདྲིར་ཡོང་བ་དེས་ཕྱོགས་གཉིས་ཀྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་མཚོ་འགག་འགྲམ་གཉིས་ཀྱི་འཕེལ་རྒྱས་འབྲེལ་བར་ཧུར་བརྩོན་བྱེད་འདོད་པ་མཚོན་ཡོད་ཟེར།

    ཅ་ཆིན་ལིན་གྱིས་བསྟན་དོན། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་མཐུན་ཚོགས་དང་ཐེ་ཝན་མཚོ་འགག་བརྗེ་རེས་ཐེབས་རྩ་ཚོགས་པ་ནི་སོ་སོར་མཚོ་འགག་འགྲམ་གཉིས་ཀྱིས་འགན་དབང་གནང་ཡོད་པའི་དམངས་ཁྲོད་ཀྱི་ཚོགས་པ་གཉིས་ཡིན་ལ། དེས་མཚོ་འགག་འགྲམ་གཉིས་ཀྱི་ལམ་ལུགས་ཅན་གྲོས་མོལ་གྱི་འོས་འགན་ཆེན་པོ་ཁུར་ཡོད། ཉིས་སྟོང་བརྒྱད་ལོའི་ཟླ་དྲུག་པ་ནས་བཟུང་ཚོགས་པ་གཉིས་ཀྱིས་དགུ་གཉིས་ལྟ་བའི་རྨང་གཞིའི་སྟེང་དུ་གྲོས་མོལ་སླར་གསོ་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འགྲོ་འོང་ཁྲོད་དུ་འཕྲད་པའི་གནད་དོན་གང་མང་ཞིག་ཐག་བཅད་པར་མ་ཟད། རྗེ་རེས་མཉམ་ལས་ཀྱི་ལམ་ལུགས་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་ནས་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་ཐོན་ཡོད་ལ། རེ་བ་ཡིན་ན་ཚོགས་པ་གཉིས་ཀྱིས་མུ་མཐུད་དུ་སྔར་སོང་རྒྱུན་འཛིན་དང་འགྲམ་གཉིས་ཀྱི་གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་སྔར་ལས་མང་པའི་གྲོས་ཚོགས་མོལ་གྱི་གྲུབ་འབྲས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་དགོས་ཟེར།

    ལིན་ཀྲུང་སིན་གྱིས་བསྟན་དོན། ཉིས་སྟོང་བརྒྱད་ལོ་ནས་བཟུང་མཚོ་འགག་འགྲམ་གཉིས་ཀྱི་ཚོགས་པ་གཉིས་ཀྱིས་དགུ་གཉིས་ལྟ་བའི་རྨང་གཞིའི་སྟེང་ལམ་ལུགས་ཅན་གྱི་གྲོས་མོལ་སླར་གསོ་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ཡོངས་ཀྱིས་ཁས་ལེན་གང་ལེགས་བྱས། ཁོས་སྔར་ལས་ལྷག་པའི་སྒོ་ནས་བྱ་བར་འབད་བརྩོན་བྱེད་པ་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་མཐུན་ཚོགས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་ཞབས་ཞུ་ལེགས་པོ་སྒྲུབ་ཏེ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་སུ་འགྲོ་བ་དང་འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མར་སྔར་ལས་བདེ་སྐྱིད་བསྐྲུན་པའི་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར། །

  • ལེ་ཚན་སྔོན་མ།:ཐུར་ཁེའི་དམག་དཔུང་དང་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་མི10རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:ཀི་ལུའུ་ཅི་ཡཱའི་གྲོས་ཁང་གསར་བས་དབྱི་ཝན་ནེ་ཧྲི་ཝེ་ལེ་ཙུང་ལི་རུ་བསྐོ་འཇོག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།