མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-09-19
ཟླ9བའི་ཚེས18ཉིན། ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བདུན་པ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཡེ་ལོས་མུས་ཆི་ཡིས་གཏམ་བཤད་སྤེལ་བཞིན་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས67པ་ཚེས18ཉིན་གྱི་ཕྱི་དྲོར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཡེ་ལོས་མུས་ཆི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཁོས་ཞི་བའི་ཐབས་ལ་བརྟེན་ནས་རྒྱལ་སྤྱིའི་རྩོད་གླེང་ལ་བར་འདུམ་དང་ཐག་གཅོད་བྱེད་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བདུན་པའི་བྱ་བའི་གཙོ་གནད་དུ་འཛིན་རྒྱུ་ཡིན་ཟེར།
ཡེ་ལོས་མུས་ཆི་ཡིས་བཤད་རྒྱུར། དེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྔོན་ཆད་ཀྱི་བྱ་བར་དམ་དུ་འབྲེལ་ཡོད་པ་དང་། ཞོར་དུ་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་བྱ་གཞག་གཙོ་བོ་རྨང་གཞིར་བྱས་ཡོད་ལ། སྒྲོམ་གཞི་རང་བཞིན་གྱི་བྱ་བ་དེས་འཁྲུག་རྩོད་སྔོན་འགོག་དང་ད་ཡོད་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐད་ནུས་པ་ཐོན་ཐུབ་པར་རེ་བ་བཅངས་ཡོད། དེང་སྐབས་འཛམ་གླིང་གི་མདུན་དུ་ལྷགས་པའི་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ལྡན་པ་དང་། རྒྱལ་སྤྱིའི་འཁྲུག་རྩོད་དང་རྩོད་གླེང་། ཁོར་ཡུག་ཞན་འགྱུར། དཔལ་འབྱོར་དངུལ་ལོར་ཉམས་ཉེན་སོགས་འགྲན་རྩོད་མང་བོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་ཐག་གཅོད་བྱེད་དགོས་ཟེར།
ཡེ་ལོས་མུས་ཆི་ཡིས་བཤད་རྒྱུར། ཞི་བདེ་དང་བདེ་འཇགས་ནི་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་དང་སྤྱི་ཚོགས་གོང་འཕེལ་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་འབེན་ཐོག་མ་ཡིན་པ་དང་། ཞི་བདེ་དེ་འདྲ་མཉམ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་བཙུགས་ན་ད་གཟོད་མིའི་རིགས་ཀྱི་འཚོ་བ་སྔར་ལས་དར་རྒྱས་གོང་འཕེལ་དུ་འགྲོ་སྲིད་ཟེར།
ཡེ་ལོས་མུས་ཆི་ཡིས་བཤད་རྒྱུར། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་། ཁེ་དབང་འདྲ་མཉམ་ཡོང་བ་དང་བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་ཐད་ཀྱི་བྱ་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10