འབའ་ཕུན་ཚོགས་དབང་རྒྱལ་གྱི་བརྩམས་ཆོས་ཤིག་ཉིང་ཧོང་སྐད་དུ་བསྒྱུར།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-03-29

འབའ་ཕུན་ཚོགས་དབང་རྒྱལ་གྱི་བརྩམས་ཆོས་ཤིག་ཉིང་ཧོང་སྐད་དུ་བསྒྱུར།

ཕུན་ཚོགས་དབང་རྒྱལ་གྱི《ཟླ་བའི་གོ་ལའི་སྟེང་ན་གཤེར་གཟུགས་ཀྱི་ཆུ་ཡོད》
ཅེས་པའི་ཉི་ཧོང་ཡི་གེའི་པར་གཞི་པར་བསྐྲུན་འགྲེམ་སྤེལ་གྱི་མཛད་སྒོ།

ཟླ3པའི་ཚེས25ཉིན།  དེ་སྔའི་རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པའམ་མར་ཁེ་སི་རིང་ལུགས་མཚན་ཉིད་རིག་པའི་ཆེད་མཁས་པ་ཕུན་ཚོགས་དབང་རྒྱལ་གྱི་མཚན་ཉིད་རིག་པའི་བརྩམས་ཆོས《ཟླ་བའི་གོ་ལའི་སྟེང་ན་གཤེར་གཟུགས་ཀྱི་ཆུ་ཡོད》ཅེས་པའི་ཉི་ཧོང་ཡི་གེའི་པར་གཞི་དཔར་བསྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་དེ་པེ་ཅིང་བོད་ལྗོངས་ཐོག་ཁང་ཆེན་མོ་རུ་སྤེལ་ཞིང་།ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་།  ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་། བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས།ཉི་ཧོང་རས་གོས་མ་རྐང་ཀུང་ཟི་སོགས་འབྲེལ་ཡོད་སྡེ་ཁག་གི་མི་སྣ་ཐེངས་འདིའི་མཛད་སྒོར་ཞུགས་པ་རེད།

འབའ་ཕུན་ཚོགས་དབང་རྒྱལ་གྱི་བརྩམས་ཆོས་ཤིག་ཉིང་ཧོང་སྐད་དུ་བསྒྱུར།
ཕུན་ཚོགས་དབང་རྒྱལ་གྱི་བརྩམས་ཆོས《ཟླ་བའི་གོ་ལའི་སྟེང་ན་གཤེར་གཟུགས་ཀྱི་ཆུ་ཡོད》།
མཛད་སྒོའི་སྟེང་།ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེས་འགོ་རྩོམ་ཤིས་ཚིག་ཕུལ་བ་དང་།  ཉི་ཧོང་པར་གཞིའི་ཡིག་སྒྱུར་དང་པར་སྐྲུན། འགྲེམ་སྤེལ་བཅས་སུ་རོགས་སྐྱོར་གནང་བའི་ཉི་ཧོང་ཁེ་ལས་པའམ་ཤོའོ་ཏོའོ་རས་གོས་མ་རྐང་ཀུང་ཟིའི་སྤྱི་དཔོན་ཤོའོ་ཏོའོ་ཏྲིན་གྱིས་གཏམ་བཤད་གནང་བ་སྟེ།ཕུན་ཚོགས་དབང་རྒྱལ་ནི་ཁོ་བོས་ཡུན་རིང་ལ་གོང་བཀུར་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་བ་ཞིག་ཡིན་ཞིང་།  ཐེངས་འདིར་ཕུན་ཚོགས་དབང་རྒྱལ་དང་དངོས་སུ་མཇལ་བ་དང་ཁོང་གི་བརྩམས་ཆོས་ཉི་ཧོང་སྐད་དུ་བསྒྱུར་བར་རོགས་སྐྱོར་གནང་ཐུབ་བྱུང་བ་ནི་ང་རང་ཉིད་ཀྱི་གཟི་བརྗིད་ཅིག་ཏུ་བསམ་ལ།དེ་མིན་ཐེངས་འདིར་པར་སྐྲུན་གྱི་འཆར་གཞི་བདེ་བླག་ངང་ལེགས་འགྲུབ་བྱུང་བ་ནི་རང་ཉིད་ཀྱི་མི་ཚེ་ཁྲོད་ཆེས་དོན་སྙིང་ལྡན་པའི་དོག་དག་ཅིག་ཡིན་ཟེར། དེ་སྔའི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཕྱི་རྒྱལ་དགེ་རྒན་ནམ་ཉི་ཧོང་གི་ཤེས་ཡོན་པ་ཨ་པུ་ཐེ་ཕུན་གྱིས་བཤད་རྒྱུར།ཕུན་ཚོགས་དབང་རྒྱལ་གྱི་བརྩམས་ཆོས་འདི་ཉི་ཧོང་སྐད་དུ་བསྒྱུར་ཐུབ་པ་བྱུང་བར་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཤིང་།  རང་ཉིད་ཀྱིས་ཀྱང་ཉི་ཧོང་སྐད་ནས་ཕུན་ཚོགས་དབང་རྒྱལ་གྱི་ལོ་རྒྱུས་ཤིག་རྩོམ་གྱི་ཡོད་པ་དང་ཕུན་ཚོགས་དབང་རྒྱལ་ཞེས་པའི་རླབས་ཆེན་གྱི་བོད་པ་ཁོང་ཉིད་ཉི་ཧོང་མང་ཚོགས་ལ་མཚམས་སྦྱོར་བྱེད་ཐུབ་པར་སྨོན་གྱིན་ཡོད་ཟེར།

འབའ་ཕུན་ཚོགས་དབང་རྒྱལ་གྱི་བརྩམས་ཆོས་ཤིག་ཉིང་ཧོང་སྐད་དུ་བསྒྱུར།
ཕུན་ཚོགས་དབང་རྒྱལ་གྱི་མཚན་ཉིད་རིག་པའི་བརྩམས་ཆོས《ཟླ་བའི་གོ་ལའི་སྟེང་ན་
གཤེར་གཟུགས་ཀྱི་ཆུ་ཡོད》ཅེས་པའི་ཉི་ཧོང་ཡི་གེའི་པར་གཞི།

བརྩམས་ཆོས་འདིའི་ཡིག་སྒྱུར་བྱེད་མཁན་ཏེ་ཕ་ཡུལ་རྨ་ལྷོ་ཁུལ་གཅན་ཚ་རྫོང་ནས་ཡིན་ཞིང་མིག་སྔར་ཉི་ཧོང་ཐུང་ཡིམ་ཧོང་པིན་སློབ་ཆེན་གྱི་ཁྲིམས་ལུགས་གླིང་གི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཆོས་ལྡན་འབུམ་གྱིས་བཤད་རྒྱུར།  ཐེངས་འདིའི་བརྩམས་ཆོས་ཡིག་སྒྱུར་གྱི་གོ་སྐབས་བྱུང་བར་དངོས་གནས་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་། ཡིག་སྒྱུར་གྱི་གོ་རིམ་ཁྲོད་རང་ཉིད་ལའང་ཚོར་ཤེས་གང་མང་བསྐྱེད་བྱུང་།  དེར་བརྟེན།  རིག་གནས་དང་།མི་རིགས།ཆོས་ལུགས་སོགས་ལས་བརྒལ་བའི་མཚན་ཉིད་རིག་པའི་བརྩམས་ཆོས་འདི་ཉིད་མིའི་རིགས་འཆམ་མཐུན་མཉམ་གནས་ཀྱི་འཚོ་རྟེན་དུ་འགྱུར་བར་སྨོན་ཟེར།
   མཇུག་མཐར་ཕུན་ཚོགས་དབང་རྒྱལ་གྱིས་བརྩམས་ཆོས་ཡིག་སྒྱུར་རོགས་དངུལ་གཏོང་མཁན་གྱི་སྐུ་ཞབས་ཤོའོ་ཏོའོ་ཏྲིན་དང་།ཡིག་སྒྱུར་བ་ཆོས་ལྡན་འབུམ།བརྩམས་ཆོས་འདི་ཉི་ཧོང་སྐད་དུ་བསྒྱུར་བར་བློ་འདོན་མཁན་སྐུ་ཞབས་ཨ་པུ་ཐེ་ཕུན། དེ་མིན་ལས་རིགས་སོ་སོའི་ཆེད་མཁས་དང་ཤེས་ཡོན་པ། འགོ་ཁྲིད་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་ཆབས་ཅིག   “ཤེས་རིག་ནི་སྟོབས་ཤུགས་ཤིག་ཡིན་པ་སྟེ།  གནས་ཀྱི་སྟེང་ནས་རྒྱལ་ཁབ་ཀྱི་དབྱེ་བ་མེད་ཅིང་དུས་ཀྱི་སྟེང་ནས་སྔ་གཞུག་མེད། ངས་དཀའ་བ་ཡོད་ཚད་ཁྱད་དུ་བསད་དེ་མིའི་རིགས་ཀྱི་ཆེས་མཐོའི་བསམ་བློའི་རྣམ་པ་སྟེ་མཚན་ཉིད་རྩོད་སྒྲུབ་སྨྲ་བའི་རྣམ་བཞག་ལ་ཁ་གསབ་ཅུང་ཙམ་བགྱིས་ཏེ་སྤྱི་བསྡོམས་གསར་བ་ཞིག་བྱས།འདི་ནི་རྒྱ་མཚོ་ནང་གི་ཐིགས་པ་ཙམ་ལས་མ་འདས་ནའང་རང་ཉིད་ཀྱིས་ནུས་པ་ཡོད་རྒུ་བཏོན་ཡོད”ཅེས་བཤད།


 

  • ལེ་ཚན་སྔོན་མ།:ཁྲའོ་ཞན་གྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་ལ་འབྲེལ་བའི་གྲོས་ཆོད
  • ལེ་ཚན་རྗེས་མ།:སེ་རི་ཡའི་ཙུང་ཐུང་པ་ཧྲར་གྱིས་ཧོ་མུ་སི་གྲོང་ཁྱེར་ལ་གཟིགས་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།