བསོད་ནམས་ཚེ་རིང་། 2012-03-28
ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཁྲའོ་ཞན་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་བཅུ་དགུ་བའི་སྟེང་གྲོས་འཆམ་བྱུང་བའི་ཁྲའོ་ཞན་ལ་འབྲེལ་བའི་གྲོས་ཆོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
མགྲིན་ཚབ་པ་དེས་ཉིན་དེར་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཁྲའོ་ཞན་རྒྱལ་ཁབ་དེ་དགྲ་ཕྱོགས་ཀྱི་མིག་ནང་གི་ཚེར་མ་ལྟ་བུར་གྱུར་ཡོད་ཅིང་། ལོ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་ཁྲའོ་ཞན་ལ་རྒོལ་བའི་གྲོས་ཆོད་འགོད་ཀྱིན་ཡོད། ཁོ་ཚོས་འགྲོ་མིའི་ཐོབ་ཐང་དེ་ཆབ་སྲིད་ཀྱི་དམིགས་ཡུལ་མི་ལེགས་པའི་ཐད་དུ་བཀོལ་ནས་ཁྲའོ་ཞན་གྱི་བདག་དབང་ལ་གནོད་པ་གཏོང་རྩིས་བྱེད་པ་དང་། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ཐེ་གཏོགས་བྱེད་འདོད་པ་ནི་སྟོང་བསམ་ཁོ་ན་ཡིན་ཞིང་། ཁྲའོ་ཞན་གྱིས་དགྲ་ཕྱོགས་ཀྱི་དཀྲུགས་འཕེན་གཡོ་ཇུས་བྱ་འགུལ་སྣ་ཚོགས་རྩ་གཏོར་དུ་བཏང་སྟེ། ཁྲའོ་ཞན་མི་དམངས་ཀྱིས་བདམས་པའི་རང་བདག་གི་ལམ་དུ་བགྲོད་རྒྱུ་ཡིན་ཟེར།
ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་ཁྲའོ་ཞན་གྱི་འགྲོ་མིའི་ཐོབ་ཐང་གནས་ཚུལ་སྐོར་གྱི་གྲོས་ཆོད་ལ་གྲོས་མཐུན་བཀོད་པ་དང་། ཁྲའོ་ཞན་གྱི་འགྲོ་མིའི་ཐོབ་ཐང་གནས་ཚུལ་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་དབང་གིས་ཇེ་སྡུག་ཏུ་འགྲོ་བཞིན་པར་འདོད་ཡོད་ལ། ཁྲའོ་ཞན་གྱི་འགྲོ་མིའི་ཐོབ་ཐང་གི་དམིགས་བསལ་སྙན་ཞུ་པའི་འགན་ཡུན་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10