ཅ་ཆིན་ལིན་གྱིས་གསུང་བཤད་གནང་བར་ཕྱི་རྒྱལ་གྱིས་དོ་ཁུར་ཆེན་པོ་བྱས་པ།
དོན་གྲུབ། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-03-07
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སྤྱི་ཚེས3ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིན་དུ་འགོ་ཚུགས་ཡོད་པ་དང་། སྤྱི་ལོ2012ལོའི་ཀྲུང་གོའི་ཚོགས་ཆེན་གཉིས་འགོ་ཚུགས་ཡོད་པ་རེད། སླར་ཡང་ཆབ་སྲིད་གྲོས་མོལ་དང་གྲོས་འགོ་འདོན་པའི་ལོ་ཤར་བ་དང་། ཚོགས་ཆེན་གཉིས་ཀྱིས་ཀྲུང་གོའི་གོང་འཕེལ་དང་འགྱུར་བའི་ལམ་བུ་ར་སྤྲོད་བྱས་ཡོད་ལ། འཛམ་གླིང་ཧྲིལ་པོས་དོ་ཁུར་བྱེད་སར་གྱུར་ཡོད། ཕྱི་རྒྱལ་གྱི་གསར་འགྱུར་ལས་རིགས་ཀྱིས་གཙོ་གནད་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་སྲིད་གྲོས་གྲོས་ཚོགས་ཀྱི་འགོ་ཚུགས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་གསར་འགྱུར་སྤེལ་ཡོད་པ་དང་། དེ་དང་དུས་མཚུངས་དཔལ་འབྱོར་དང་། བསྒྱུར་བཅོས། དམངས་འཚོ་བཅས་ནི་ཕྱི་རྒྱལ་གྱི་གསར་འགྱུར་ལས་རིགས་དང་རིགས་གཅིག་མཁས་པས་ཆེས་དོ་ཁུར་བྱེད་སར་འགྱུར་ཡོད་པ་རེད།
དབྱིན་ཇིའི་རླུང་འཕྲིན་ཀུང་སིའི་དྲ་བའི་ཐོག་ཆེད་དོན་གསར་འགྱུར་སྤེལ་ཡོད་པ་དང་། གསར་འགྱུར་སྤེལ་བའི་ནང་ཅ་ཆིན་ལིན་གྱིས་འགོ་འཛུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ལུང་དུ་དྲངས་ནས། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་ནི་སྲིད་གྲོས་ཀྱི་གལ་ཆེའི་འགན་འཁྲི་ཞིག་ཡིན་ཞེས་བསྟན་ཡོད་པ་རེད།
འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས། སྐབས་འདིའི་སྲིད་གྲོས་གྲོས་ཚོགས་ཐོག་གཙོ་བོ་ཀྲུང་གོའི་གོང་འཕེལ་དང་འབྲེལ་བ་ཡོད་པའི་ལས་དོན་ཁག་ལ་གཙོ་གནད་དོ་ཁུར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་དང་། གནས་ཚུལ་སྤེལ་བའི་ནང་། ཅ་ཆིན་ལིན་གྱིས་གསུང་བཤད་གནང་སྐབས་སྲིད་གྲོས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་ལག་བསྟར་བྱེད་པའི་ཐད་འགན་འཁྲི་གལ་ཆེན་འཁུར་ཡོད་པའི་ནན་བཤད་གནང་ཡོད་ཅེས་བསྟན་ཡོད་པ་རེད།
ལུ་ཐུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས། ཅ་ཆིན་ལིན་གྱིས་གསུངས་བཤད་གནང་སྐབས་སྲིད་གྲོས་ཀྱི་ཐའེ་ཝན་དང་རིག་གནས་སྤེལ་རེས་མཉམ་ལས་ཁྱབ་ཁོངས་ཟམ་མི་ཆད་པ་རྒྱ་ཆེར་བཏང་ནས། མཚོ་འགག་གཡས་གཡོན་གཉིས་པོའི་ཀྲུང་ཧྭ་རིག་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་ཅེས་བསྟན་ཡོད། དེ་མིན། ལུ་ཐུ་གསར་འགྱུར་ཁང་གིསཉིན་ཤས་གོང་ད་དུང་རྩོམ་ཡིག་སྤེལ་ནས་ད་ལོའི་ཚོགས་ཆེན་གཉིས་ཀྱི་རིང་གྲོས་མོལ་བྱེད་བཟོ་ཡོད་པའི་ཚང་མས་དོ་ཁུར་བྱེད་པའི་གནད་དོན་གླེང་ཡོད་པ་དང་། དེའི་ཁྲོད་དཔལ་འབྱོར་འཕར་སྣོན་དང་། དངུལ་ལོར་སྲིད་ཇུས། དངུལ་རྩའི་སྲིད་ཇུས། ས་ཁང་བདག་ཁོངས་ཁྲོམ་ར་དང་དེ་བཞིན་དཔལ་འབྱོར་བསྒྱུར་བཅོས་སོགས་ཚུད་ཡོད་པ་རེད།ཧྥ་རན་སིའི་གསར་འགྱུར་ཁང་གིས་ཉིན་ཤས་གོང་རྩོམ་ཡིག་སྤེལ་ནས་ཀྲུང་གོའི་སྨན་བཅོས་ལམ་ལུགས་བསྒྱུར་བཅོས་ཀྱི་འཕེལ་རིམ་ལ་དགེ་མཚན་ལྡན་པའི་གདེང་འཇོག་བྱས་ནས། ཀྲུང་གོས་དེ་བས་མང་བའི་མིར་སྨན་བཅོས་ཞབས་ཞུ་ཐོབ་པ་དང་སྨན་བཅོས་འགན་བཅོལ་གནས་བབ་ལེགས་བཅོས་བྱེད་པའི་ཐད་བྱས་པའི་འབད་བརྩོན་ལ་ཡུན་རིང་གི་འཕེལ་རིམ་ཐོན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།
ད་རེས་ཀྱི་གྲོས་ཚོགས་ལ་དགེ་མཚན་ལྡན་པའི་གདེང་འཇོག་བྱེད་མཁན་ད་དུང་། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཁང་གི་གྲོས་མི་ཕུ་ཕུ་ལུ་ག་དང་། འཇར་པན་དམངས་གཙོ་ཏང་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པའི་གྲོས་མི། འཇར་པན་དང་ཀྲུང་གོའི་མཛའ་གྲོགས་གྲོས་མི་མནའ་འབྲེལ་གྱི་ལས་འཛིན་དཔོན་ཅིན་ཐང་ཀྲའོ་དབྱི། ཁ་ན་ཏའི་གྲོས་ཚོགས་ཁང་གི་གྲོས་ཚོགས་སྨད་པའི་གྲོས་མི། ཁ་ན་ཏ་དང་ཀྲུང་གོའི་གྲོས་ཚོགས་མཐུན་ཚོགས་ཀྱི་ཐུན་མོང་ཀྲུའུ་ཞི་ཁ་ལན་ཕུ་སོགས་ཡོད་པ་རེད། །