2012-02-24
ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། རྒུད་སྐྱོབ་མི་སྣས་ཨ་ཀིན་ཐིན་གྱི་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ཡི་མེ་འཁོར་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་སར་རྨས་མ་སྐྱོབ་བཞིན་པ།ཨ་ཀིན་ཐིན་གྱི་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ནས་ཚེས་ཉེར་གཉིས་ཉིན་མེ་འཁོར་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་ཞིག་བྱུང་བ་དང་། མིག་སྔར་ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་དང་ལྔ་བཅུ་ལ་རྨས་ཕོག་ཡོད་ལ། དེ་ནི་ཉེ་བའི་ལོ་འགའི་རིང་ཨ་ཀིན་ཐིན་ནས་བྱུང་བའི་ཆེས་ཚབས་ཆེ་བའི་ལྕགས་ལམ་འགྲིམ་འགྲུལ་དོན་རྐྱེན་ཞིག་རེད། གསར་འགོད་པས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ས་དེའི་ཕྱི་སྡོད་ཀྲུང་གོ་བར་ཡང་དོན་རྐྱེན་ཁྲོད་རྨས་ཕོག་ཡོད་ཟེར།ཐེངས་འདིའི་དོན་རྐྱེན་དེ་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་ཡས་མས་སུ་བྱུང་བ་དང་། པུའུ་ཧྲི་མཁར་གྲོང་གི་མེ་འཁོར་ཞིག་ས་ཚིགས་བཅུ་གཅིག་པར་སླེབས་སྐབས་ཚོད་འཛིན་བྱེད་ཐབས་བྲལ་ནས་སྟེགས་བུ་གཉིས་པར་ཐོ་བརྒྱབ་སྟེ་མེ་འཁོར་ལྕགས་ལམ་ལས་བརྒལ་བ་རེད།དོན་རྐྱེན་བྱུང་རྗེས། ཨ་ཀིན་ཐིན་བྲེལ་མྱུར་སྡེ་ཁག་གིས་མྱུར་དུ་རྒུད་སྐྱོབ་མི་སྣ་དོན་རྐྱེན་བྱུང་སར་མངགས་ནས་རྒུད་སྐྱོབ་བྱས་པ་དང་། དབྱིབས་འགྱུར་བའི་འཁོར་སྒམ་ཚལ་བར་གཤགས་ནས་རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་བ་རེད། པུའུ་དབྱེ་ནོའུ་སི་ཨེ་ལེ་སིའི་བྲེལ་མྱུར་རྒུད་སྐྱོབ་སྡེ་ཁག་གི་འགན་ཁུར་བ་ཀི་ལོས་སིན་ཏིས་ཀྱིས་བཤད་རྒྱུར། རྨས་མ་མང་ཤས་ཀྱི་རྨས་སྐྱོན་ལྗིད་པའི་དབང་གིས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10