བོད་ལྗོངས་སུ་དབྱར་རྩ་དགུན་འབུའི་རིན་གོང་ལོ་རྒྱུས་སྟེང་ཆེས་མཐོ་རུ་སོན་པ།

བདེ་ཆེན་མཚོ།        2012-01-13

ལོ་སར་ཐོན་ལ་ཉེ་བའི་དུས་འདིར་དབྱར་རྩ་དགུན་འབུའི་ཐོན་ཁུངས་ཇེ་ཉུང་དང་དུས་སྟོན་ལ་སླེབས་པ་སོགས་ཀྱི་ཤུགས་རྐྱེན་འོག་བོད་ལྗོངས་སུ་དབྱར་རྩ་དགུན་འབུའི་རིན་གོང་ཇེ་མཐོར་སོང་ནས་ལོ་རྒྱུས་སྟེང་ཆེས་མཐོ་རུ་སོན་པ་རེད།
  ལྷ་སའི་ཚོང་ར་ནས་རྒྱུས་ལོན་བྱུང་བ་ལྟར་ན་དབྱར་རྩ་དགུན་འབུའི་རིན་གོང་ཆ་སྙོམས་ཀྱིས20%ཡིས་ཇེ་མཐོར་སོང་ལ། སྤྱི་རྒྱ་གཅིག་ལ་རྐང4000ཡོད་པའི་དབྱར་རྩ་དགུན་འབུ་ཅུང་ཆུང་ཤོས་ཀྱིས་མཁོ་འདོན་བྱེད་དཀའ་བའི་གནས་ཚུལ་བྱུང་བ་དང་། དེའི་རིན་གོང30%ཡིས་ཇེ་མཐོར་སོང་བ་རེད། དབྱར་རྩ་དགུན་འབུ་ཉོ་འཚོང་བྱེད་པའི་རིན་གོང་རེའུ་མིག་སྟེང་གསལ་བ་ལྟར་ན། 2011ལོའི་ཟླ6པ་ནས2012ལོའི་ཟླ1བའི་བར་དུ་དབྱར་རྩ་དགུན་འབུའི་རིན་གོང20%ཡིས་ཇེ་མཐོར་སོང་ལ། 2011ལོའི་ཟླ6པའི་ནང་དུ་སྤྱི་རྒྱ་གཅིག་ལ་རྐང2000ཅན་ལ་སྒོར་ཁྲི16ཡིན་པ་དང་། མིག་སྔར་སྒོར་ཁྲི20ལས་བརྒལ་བས་ལོ་རྒྱུས་སྟེང་ཆེས་མཐོ་རུ་སོན་པ་རེད། དབྱར་རྩ་དགུན་འབུའི་རིན་གོང་འཕར་བའི་རྒྱུ་རྐྱེན་གཙོ་བོ་ནི་དུས་སྟོན་ལ་སླེབས་དུས་ལེགས་སྐྱེས་སུ་ཉོ་བའི་མཁོ་འདོད་ཆེ་རུ་ཕྱིན་པ་དང་ཐོན་ཚད་ཇེ་ཉུང་དུ་འགྲོ་བའི་སྟབས་ཀྱིས་ཡིན་པར་མ་ཟད། ཚོང་བ་ལ་ལས་ཚོང་ཟོག་ཉར་གསོག་བྱེད་པར་ཡང་འབྲེལ་བ་ཆེན་པོ་ཡོད་པ་རེད།
  དབྱར་རྩ་དགུན་འབུ་ནི་མཚོ་ངོས་ལས་མཐོ་ཚད་ལ་སྨི3000ནས་སྨི6000ཡོད་པའི་མཐོ་སྒང་དུ་སྐྱེས་པའི་ཐོན་རྫས་ཤིག་ཡིན་ཞིང་། འདིའི་ཐོན་ཚད་ལ་ཆར་ཆུ་སོགས་རང་བྱུང་གི་ཆ་རྐྱེན་དང་མིའི་རྐོ་ཚད་སོགས་ཀྱིས་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ལ། 2011ལོར་དབྱར་རྩ་དགུན་འབུའི་ཐོན་ཚད་ཇེ་ཉུང་དུ་སོང་བར་བརྟེན་ཚོང་རའི་ཁྲོད་མཁོ་འདོན་བྱེད་དཀའ་བས་དེའི་རིན་གོང་ཡང་ཇེ་མཐོ་རུ་སོང་བ་རེད།
  • ལེ་ཚན་སྔོན་མ།:འཛམ་གླིང་གི་གཏམ་བཤད་གྲགས་ཅན་འདེམས་བསྒྱུར་གྱི་དེབ་སྤུས་དག་ཅན་ཞིག་ཚོང་རར་བཀྲམས་པ།
  • ལེ་ཚན་རྗེས་མ།:དབྱི་ལིང་གི་ཙུང་ཐུང་གིས་ཁུ་པའི་གསར་བརྗེའི་མགོ་ཁྲིད་པ་ལ་ཐུག་འཕྲད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།