དབྱི་ལང་གི་དམག་དོན་ནང་སྦྱོང་མཇུག་སྒྲིལ་བ།
མཚོ་མོ་སྐྱིད། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-01-04
དབྱི་ལང་དབྱི་སི་ལན་གསར་འགྱུར་ཁང་གི་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལང་མཚོ་དམག་གིས་ཚེས་གསུམ་ཉིན་གྱི་སྔ་དྲོ། ཧོ་ཨར་མོའུ་ཚི་མཚོ་འགག་ཏུ་དམག་གཟིགས་མཛད་སྒོ་སྤེལ་ཏེ། དུས་ཡུན་ཉིན་བཅུ་ཡི་དམག་དོན་ནང་སྦྱོང་མཇུག་སྒྲིལ།
དབྱི་ལང་དབྱི་སི་ལན་གསར་འགྱུར་ཁང་གི་གནས་ཚུལ་ལྟར་ན། དམག་དོན་ནང་སྦྱོང་ལ་ཞུགས་པའི་དབྱི་ལང་དྲག་དཔུང་ཚང་མ་དམག་གཟིགས་མཛད་སྒོར་ཞུགས། ཐེངས་འདིའི་དམག་དོན་ནང་སྦྱོང་ལ་ཞུགས་པའི་དབྱི་ལང་གི་ཐོན་རྫས་གསར་དར་སྒྲིག་ཆས་དམག་གཟིགས་མཛད་སྒོའི་སྟེང་གསལ་སྟོན་བྱས། དབྱི་ལང་སྨྱན་བྱད་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། ཐེངས་འདིའི་དམག་དོན་ནང་སྦྱོང་ལ་ལྟ་སྦྱོང་བྱེད་དུ་གདན་དྲངས་པའི་རྒྱལ་སྤྱིའི་ལྟ་ཞིབ་ཚོགས་པའང་དམག་གཟིགས་མཛད་སྒོའི་ཡུལ་དངོས་སུ་ཐོན།
དབྱི་ལང་དམག་དོན་ནང་སྦྱོང་གི་མགྲིན་ཚབ་པ་མོའུ་སཱ་ཝེ་ཡིས་དམག་གཟིགས་མཛད་སྒོའི་སྟེང་བསྟན་དོན། ཐེངས་འདིའི་དམག་དོན་ནང་སྦྱོང་སྔོན་བཀོད་ཀྱི་དམིགས་ཡུལ་ལ་སླེབས་ཏེ། མ་འོངས་པར་གློ་བུར་དོན་རྐྱེན་ལ་ཁ་གཏད་པར་གྲ་སྒྲིག་བཟང་བོ་དང་ཉམས་མྱོང་གསོག་འཇོག་བྱས། དབྱི་ལང་མཚོ་དམག་དང་མཁའ་དམག་དེ་མིན་དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་འདུ་བ་སོགས་ཀྱི་དྲག་དཔུང་བར་གྱི་མཉམ་སྡེབ་དམག་འཐབ་བྱེད་པའི་ནུས་པ་ཇེ་དྲག་ཏུ་སོང་སྟེ།རྒྱལ་སྤྱིའི་ཆུ་ཁོངས་སུ་དབྱི་ལང་གི་སྟོབས་ཤུགས་མཚོན་པར་བྱས།
གསར་འགོད་པ་ཝང་ཅིན་ཡན་གྱིས་བཤད་རྒྱུར། ཨ་རིའི་ཆེས་སྔོན་ཐོན་གྱི་མི་མེད་གནམ་གྲུ་ལག་ཐེབས་བྱུང་བ་དང་ཧོ་འར་མོའུ་ཚི་མཚོ་འགག་ཏུ་གཞི་ཁྱོན་ཆེ་བའི་དམག་དོན་ནང་སྦྱོང་བྱས་པ་སོགས་ཤུགས་དྲག་གི་རྣམ་པ་འདི་དག་གི་ཤུགས་སུ་ཅི་ཞིག་སྟོན་གྱིན་ཡོད་པར་བསམ་བློ་གཏོང་རིན་ཡོད་པ་ཞིག་རེད།