མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-01-02
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སའི་གོ་ལའི་འཁོར་འགྲོས་དང་བསྟུན་ནས་འཛམ་གླིང་གི་རིགས་སོ་སོའི་མི་དམངས་ཀྱི་ལོ་རྙིང་བ་ཕར་ལ་བསྐྱལ་བ་དང་། དགའ་ལྷིང་ལྷིང་གི་དགོད་སྒྲའི་ཁྲོད་ནས2011ལོའི་མཐའ་མཇུག་གི་མཚན་མོ་ཕར་ལ་བསྐྱལ་ནས2012ལོ་ཚུར་ལ་བསུས་པ་རེད།
ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཨོ་ཁི་ལན་ནི་འཛམ་གླིང་སྟེང་ཆེས་ཐོག་མར་གནམ་ལོ་གསར་བ་བསུ་བའི་གྲོང་ཁྱེར་ཞིག་ཡིན། གནམ་ལོ་གསར་བའི་ཅོང་བརྡ་གྲགས་པ་དང་དུས་མཚུངས་སུ། རྨིད་སུམ་བརྒྱ་དང་ཉེར་བརྒྱད་ཡོད་པའི་ཐེན་ཁུང་ལྕོག་རྟེན་སྟེང་དུ་ཤོག་སྦག་གི་མེ་སྟག་མཆེད་ནས་མཚན་ལྗོངས་ཧྲིལ་བོ་མཛེས་སྡུག་རྣམ་པར་བཀྲ་བ་རེད།
ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཀྱི་ལོ་རེར་ཐེངས་རེར་རོལ་བཞིན་པའི་ཞི་ཉའི་མཚོ་ཁུག་ཟམ་ཆེན་གྱི་ཤོག་སྦག་སྒྲོན་པ་དེ་ལུགས་གསར་གྱི་གནམ་གང་གི་དགོང་མོར་སྔར་ལོ་ལྟར་རོལ་བ་རེད། ད་ལོའི་འཁྲབ་སྟོན་གྱི་བརྗོད་བྱ་ནི་ཕུགས་བསམ་དུས་སྐབས་ཞེས་པ་ཡིན། ཕྱེ་ལེབ་དང་སྙིང་གི་དབྱིབས་ཅན་སོགས་ཤོག་སྦག་སྣ་ཚོགས་བར་སྣང་ནས་གས་པ་དང་། ཕལ་ཆེར་མི་ས་ཡ་གཅིག་དང་འབུམ་ལྔ་ལྷག་མཚོ་ཁར་འཛོམས་ནས་མཉམ་དུ་འཁྲབ་སྟོན་ལ་བལྟས་པ་རེད།
འཇར་པན་གྱི་རྒྱལ་ས་ཏུང་ཅིང་དུ་མི་རྣམས་ཀྱི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཙིན་ཧྲེང་དགོན་པའི་འགྲམ་ནས། གནའ་ཉམས་བབ་ཆགས་ཡིན་པའི་ཅོང་བརྡ་དང་ལྷན་དུ་ལོ་སར་ལ་སྨོན་འདུན་ཞུ་བཞིན་ཡོད། རྒྱང་རིང་ན་དེང་རབས་ཀྱི་ཁྱད་ཆོས་མངོན་པར་དོད་པའི་ཏུང་ཅིང་ལྕོག་རྟེན་སྟེང་དུ2012ཞེས་པའི་ཡིག་གཟུགས་ཤར་ནས་གཟི་འོད་རྣམ་པར་བཀྲ་ལ། ལོ་སར་གྱི་སེམས་འདུན་མཚོན་པའི་དབུགས་ལྒང་མང་པོ་མི་རྣམས་ཀྱི་དགའ་འབོད་ཁྲོད་ནས་མཁའ་དབྱིངས་སུ་འཕུར་བསྐྱོད་བྱེད་བཞིན་ཡོད།
ཨ་ལན་ཅཱང་ཏིས་པེ་རུ་ཡོད་པའི་འཛམ་གླིང་སྟེང་ཆེས་མཐོ་བའི་ཧྭ་ལེ་ལྕོག་རྟེན་སྟེང་དུ་ཤོག་སྦག་ཚོན་ཁྲ་ཅན་སྒྲོན་པ་དང་། རྨིད་བརྒྱད་བརྒྱ་དང་ཉེར་བརྒྱད་ཡོད་པའི་ལྕོག་རྟེན་ཧྲིལ་བོ་འཚར་སྡུག་རྣམ་པར་བཀྲ་ནས་འཛམ་གླིང་ཡོངས་ལ་སྤྲོ་སྣང་ཁྱེར་འོངས་པ་རེད།
ཨུ་རུ་སུའི་མོ་ཞི་ཁོ་རུ་དགུན་གྱི་གྲང་ངར་ཆེན་པོས་མི་རྣམས་ཀྱི་སྤྲོ་སེམས་མ་ཁོག་པར་དགོང་མོའི་ཆུ་ཚོད24ཡི་སྟེང་། ཤོག་སྦག་གི་ཚོན་མདོག་རྣམ་པ་བཀྲ་ལ་མི་རྣམས་ཀྱི་ཆང་ཕོར་དགུང་ལ་བཏེགས་ནས་བཀྲ་ཤིས་པའི་གླུ་དབྱངས་ལེན་བཞིན་འདུག ཀེ་ལིན་ཉི་ཀྲིའི་ཆུ་ཚོད24ཡི་སྟེང་། ཏ་པིན་ཆུ་ཚོད་འཁོར་ལོའི་ཅོང་བརྡ་གྲགས་པ་དང་མཉམ་དུ་དབྱིན་ཇིའི་རྒྱལ་ས་ལུན་ཏོན་ནས་ཤོག་སྦག་གི་ཁ་དོག་རྣམ་པར་བཀྲ་བ་རེད། མི་དམངས་འབུམ1ལྷག་ཐེ་བོ་ཧྲི་མཚོ་འགྲམ་དུ་ལྷན་དུ་འཛོམས་ནས་གནམ་ལོ་གསར་བ་བསུས་པ་དང་། ད་ལོ་ནི་ལུན་ཏོན་གྱི་ཨོ་རྩལ་ལོ་ཡིན་པས། ཨོ་རྩལ་གྱི་རི་མོའི་ཨ་ལུང་ལྔ་བོའི་ཁ་དོག་དང་རྣམ་པ་དེ་ཤོག་སྦག་གད་པ་དང་དུས་མཚུངས་སུ་ཡང་ནས་བསྐྱར་དུ་མངོན་པ་རེད།
པ་ཞི་རྒྱལ་ཁབ་ཀྱི་ལི་ཡོ་རེ་ནེ་ལོ་ན་ཡོད་པའི་ཁོ་ཕ་ཁ་ཕ་ན་མཚོ་འགྲམ་ནས་སྲོལ་རྒྱུན་གྱི་ལོ་གསར་ཤོག་སྦག་འཁྲབ་སྟོན་དེ་སྤྲོ་སྣང་ལྡན་པའི་ངང་བརྩམས་པ་རེད། ད་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུས་པ་དེ་ཁོར་ཡུག་སྲུང་སྐྱོབ་བྱེད་པ་བརྗོད་བཞི་རུ་བཟུང་ནས། ཉི་འོད་ནུས་པ་དང་། རླུང་ཤུགས་ནུས་པ་སོགས་ཀྱི་ནུས་ཁུངས་གསར་བ་དྲིལ་སྒྲོག་བྱེད་པ་དེ་ཡིན།
ཨ་རིའི་ཉུག་ཡོའི་ཚགས་པར་ཐང་ཆེན་གྱི་ལོ་གསར་ལ་རོལ་བའི་བྱ་འགུལ་ཁྲོད། མི་རྣམས་ཀྱི་ཆུ་ཤེལ་ལྒང་བུ་མར་འབབ་པའི་རྣམ་པ་ལ་ལྟ་བཞིན་ཡོད་ལ། 2012ལོ་ཐོན་མ་ཐག་ཏུ་སྨོན་འདུན་གྱི་བྱང་བུ་ཕན་ཚུན་ལ་ཕུལ་ནས་སྤྲོ་སྐྱིད་དེ་ཀུན་གྱིས་ལོངས་སུ་སྤྱད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10