ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་བསྒྲགས་མ་ལག་གི“གཟེངས་སུ་ཐོན་པ་བཞི”ཡི་ཤེས་ཡོན་པའི་བྱ་བའི་ཚོགས་འདུ་སྟེང་། ཆབ་འགག་རྡོ་རྗེ་ཚེ་རིང་ནི“གཟེངས་སུ་ཐོན་པ་བཞི”ཡི་ཁྱད་འཕགས་མི་སྣ་ཡིན་པར་གཏན་འཁེལ་བྱས་ཤིང་། འདི་ནི་ཁུལ་དྲུག་ཏུ་ཆེད་མཁས་རིམ་པའི་ཤེས་ཡོན་པའི་ནང་གཟེངས་རྟགས་མཚན་སྙན་་ཐོབ་མཁན་ཁོ་ན་ཡིན།
སྔོན་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅིའམ་ཀྲུའུ་ཞི། ད་ལྟ《གེ་སར》ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་ཆབ་འགག་རྡོ་རྗེ་ཚེ་རིང་ནི་ནམ་ཡང་རྩོམ་རིགས་ལ་སྤྲོ་ཞིང་། ཁོང་གིས“མི་དམངས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི”ཁ་ཕྱོགས་དང“མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང”གི་རྩ་དོན་རྒྱུན་འཁྱོངས་སྒོས་དུས་རབས་དང་མཐུན་པ་དང་། དངོས་ཡོད་འཚོ་བ་བརྗོད་པ། སེམས་ཤུགས་བསྐྱེད་པའི་ཕུལ་བྱུང་རྩོམ་རིག་གང་མང་བརྩམས་པ་རེད།
ཁོང་གིས་རྩ་འཛུགས་གནང་སྟེ་རྩོམ་སྒྲིག་མཛད་པའི《གེ་སར་སྒྲུང་གི་བྱིས་པའི་རྩོམ་རིག་དཔེ་ཚོགས》དང་། 《ངོ་མཚར་ཆེ་བའི་གེ་སར་སྒྱུ་རྩལ་པ》། 《གེ་སར་བཀྲ་ཤིས་རྟེན་འབྲེལ་ལྔ》། དཔྱད་རྩོམ《གེ་སར》དང་། 《གླིང་གེ་སར་རྒྱལ་པོ》། 《གེ་སར་གྱིས་དམྱལ་ཁམས་ནས་སང་ལྕམ་སྐྱབས་པ་མདོར་ཙམ་གླེང་བ》། ཆེད་དོན་བརྩམས་ཆོས《གེ་སར་རྒྱལ་པོའི་བརྩེ་བ》། 《གེ་སར་ཞིབ་འཇུག་གཅེས་བསྡུས》། 《གེ་སར་སྒྲུང་ལེགས་སྒྲིག་གཅེས་བསྡུས》། ཟློས་གར《གེ་སར་སྒྲུང་ལས་འཇང་ཕྲུག་གི་ལེའུ》། 《གེ་སར་སྒྲུང་ལས་གདོང་འབུམ་པ་རྒྱ་ཚ་ཞལ་དཀར་གྱི་ལེའུ 》སོགས་བརྩམས་ཆོས10ལྷག་དང《གེ་སར》ཞིབ་འཇུག་ཕྱོགས་ཀྱི་དཔྱད་རྩོམ10ལྷག་ཡོད་ཅིང་། དེ་ལས《གེ་སར་སྒྲུང་གི་བྱིས་པའི་རྩོམ་རིག་དཔེ་ཚོགས》ལ1999ལོར་མཚོ་སྔོན་ཞིང་ཆེན་སྐབས་བཞི་བའི་རིག་རྩལ་གསར་རྩོམ་དཔྱད་འདེམ་བྱ་དགའི་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་དང་། མཚོ་སྔོན་ཞིང་ཆེན་སྐབས་བཞི་བའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན“གཅིག་ཅན་ལྔའི་ལས་གཞི”ཡི་ནང་འདེམས་བརྩམས་ཆོས་བྱ་དགའ་ཐོབ་པ་རེད། དེ་མིན་ཁོས་འགན་བླངས་ཏེ《མཚོ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས》རྩོམ་སྒྲིག་དང་པར་བསྐྲུན་བྱས་པ་དང་། 《ཆབ་འགག་རྡོ་རྗེ་ཚེ་རིང་རྩོམ་རིག་དཔེ་ཚོགས》པོད་ལྔ། 《བོད་ཀྱི་རྩོམ་རིག་ལོ་རྒྱུས》ཀྱི་དེབ་དང་པོ་སོགས་དཔེ་དེབ18པར་བསྐྲུན་གནང་བ་རེད།
ཁོང་དང་ཁོང་གི་རྩོམ་རིག་བརྩམས་ཆོས་དག་ལ་རྒྱལ་ཡོངས་དང་། ཞིང་ཆེན། ཁུལ་རིམ་པའི་བྱ་དགའ་ཐེངས་གང་མང་ཐོབ་མྱོང་ཞིང་། 1997ལོར་རིག་གནས་པུའུ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་སོགས་ཀྱིས་ཆེད་དུ་གཟེངས་བསྟོད་གནང་བ་དང་། 1999ལོར་སྙན་རྩོམ་དཔེ་ཚོགས《གངས་རིའི་བརྩེ་འདང》ཞེས་པར་རྒྱལ་ཡོངས་སྐབས་དྲུག་པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཐོབ་ཅིང་། 1999ལོར་ཆེད་དོན་བརྩམས་ཆོས《གེ་སར་སྒྲུང་གི་བྱིས་པའི་རྩོམ་རིག་དཔེ་ཚོགས》ལ་རྒྱལ་ཡོངས་སྐབས་བཞི་བའི་རིག་རྩལ་གསར་རྩོམ་དཔྱད་འདེམ་བྱ་དགའི་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། 2003ལོར་མི་རིགས་གླུ་གར་ཆེ་གྲས《གེ་སར་སྒྲུང་ལས་འཇང་ཕྲུག་གི་ལེའུ》ཞེས་པར་ཀྲུང་གོའི་མཚོ་སྔོན་མི་རིགས་རིག་གནས་ཡུལ་སྐོར་དུས་ཆེན་ཞིང་ཆེན་ཡོངས་ཀྱི་ཆེད་ལས་རིག་རྩལ་སྒྲིག་འཁྲབ་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།
2005ལོའི་ཟླ8པར་མི་རིགས་གླུ་གར་ཆེ་གྲས《འཇང་ཕྲུག》ཅེས་པར་མཚོ་སྔོན་ཞིང་ཆེན་སྐབས་ལྔ་བའི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་བྱ་དགའ་དང་། 2005ལོའི་ཟླ3པར་ཞིང་ཆེན་ཡོངས་ཀྱི་རིག་གནས་དྲིལ་སྒྲོག་མ་ལག“གཟེངས་སུ་ཐོན་པ་བཞིའི”ཕུལ་བྱུང་མི་སྣའི་མཚན་སྙན་གསོལ། 2006ལོར་མཚོ་སྔོན་ཞིང་ཆེན་ཕུལ་བྱུང་ཆེད་མཁས་པའི་མཚན་མིང་དང་། 2006ལོའི་ཟླ9བར་ཞིང་ཆེན་ཡོངས་སུ་སྤེལ་པའི“བརྩོན་ལེན་གཉིས”ཞེས་པའི་བྱ་འགུལ་ཁྲོད་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་སྲིད་མི་སྣའི་མཚན་སྙན་ཐོབ། 2009ལོར་ཆབ་འགག་རྡོ་རྗེ་ཚེ་རིང་ལ་མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི“ཀུན་སྤྱོད་དང་སྒྱུ་རྩལ་མཉམ་ལེགས”ཀྱི་རིག་རྩལ་ལས་སྒྲུབ་པའི་མཚན་སྙན་གནང་། དེ་མིན་ལོ་དེར《ཆབ་འགག་རྡོ་རྗེ་ཚེ་རིང་གི་ལྷུག་རྩོམ་གཅེས་བསྡུས》ཞེས་པར་མཚོ་སྔོན་ཞིང་ཆེན་སྐབས་དྲུག་པའི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་བྱ་དགའ་ཐོབ་པ་དང་ཁོ་རང་ཉིད་ལ་མཚོ་སྔོན་ཞིང་ཆེན་སྐབས་དང་པོའི《གེ་སར》བྱ་བའི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད།