ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ། གངས་ཅན་རིག་སྨྲའི་ཁྲོད་དུ་རིག་པའི་ཁུ་བྱུག་ཅེས་པ་དང་། བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་མི་འཇིགས་དབྱངས་ཅན་དགའ་བའི་གོ་ཆ་རུ་འབོད་པ་ལགས་ད་ལོའི་ཟླ་བཅུ་བ་ནས་མཚོ་སྔོན་པོ་ཟིན་བྲིས་སུ་གདན་ཕེབས་ཤིང་། ད་ལྟའི་བར་དུ་ལྟ་ཀློག་རོལ་མྱོང་གི་རིན་ཐང་ཤིན་ཏུ་བྲིན་པའི་ཟིན་ཐོ་ཉེར་བརྒྱད་སྤེལ་ཡོད། ཁོང་ནི་བོད་ཀྱི་དགེ་རྒན་ཆེན་མོའམ་ཡང་ན་མཁས་མིང་འཛིན་པའི་རིག་པའི་ཁྱུ་མཆོག་གི་སྡེ་རུ་བོད་ཡིག་གི་ལམ་ནས་ཟིན་བྲིས་སྤེལ་མཁན་ཐོག་མ་དེར་གྱུར་ཡོད།
ཁོང་གིས་ཟིན་བྲིས་ལ་མེས་པོའི་རྗེས་དྲན་དང་། ཤིས་བརྗོད་སྨོན་ཚིག རིག་པའི་གཏམ་བཤད། དུས་ཀྱི་ཕོ་ཉ། གངས་ལྗོངས་ལམ་ཡིག འགོ་བརྗོད་མཇུག་བྱང་། གཞུང་བརྒྱའི་ཟིན་བྲིས། རིག་པའི་རྩེད་ཐང་། དཔེ་ཀློག་མཚམས་སྦྱོར། ཀུན་ཕན་བསླབ་བྱ། སྐད་ཡིག་དམ་འཛིན། སློབ་གསོ་ཀུན་གླེང་། ལྟ་གྲུབ་ཀུན་བཏུས། བརྡ་སྤྲོད་ཀུན་གསལ། མཁས་གྲུབ་མཛད་རྗེས། ལེགས་བཤད་ཀུན་བཏུས། བཀའ་ཆོས་ཀུན་བཏུས། བསྟན་བཅོས་ཀུན་བཏུས། དཀར་ཆག་ཀུན་བཏུས། ཚིག་མཛོད་ཀུན་བཏུས་བཅས་སྤྱི་ཁོག་ནས་རིགས་ཀྱི་རྣམ་པ་ཕུན་སུམ་ཚོགས་པ་ཞིག་བཀར་ཡོད་པར་གཞིགས་ན། ཟིན་བྲིས་ལ་འཇུག་པ་ནི་གཟབ་ནན་ཞིབ་ཚགས་དང་རིག་གནས་འཚོ་བའི་གྲུབ་ཆ་གཙོ་བོ་ཞིག་ཏུ་བརྩི་མཐོང་བྱེད་ཀྱིན་པ་རྟོགས་ཐུབ།
སྤྱིར་བོད་ཀྱི་མཁས་པ་དག་ཟིན་བྲིས་སུ་འཇུག་པར་མི་སྤྲོ་བ་ནི་ཡིག་ནོར་ལ་སྐྲག་པ་དང་ཁྱད་གསོད་ལ་འཇིགས་པ་རེད་ཅེས་ལུང་གཏམ་བརྗོད་ཀྱི་ཡོད་ཀྱང་། བོད་ཀྱི་ཡི་གེའང་འཛམ་གླིང་ཆ་འཕྲིན་དྲ་རྒྱའི་ཆུ་གཏེར་ཆེན་པོའི་ཀློང་དུ་འཐིམ་པ་དང་བསྟུན་ནས་རིག་པའི་ཁྱུ་མཆོག་དག་གིས་ཀྱང་གཟིངས་ཆེན་ཁ་ལོ་མི་བསྒྱུར་ཡོད་རེ་སྐན། འདི་ནི་སྐད་ཡིག་ཅིག་གི་བྱེད་ནུས་འདོན་སྤེལ་དང་མཚན་གྲགས་དར་སྤེལ་ལ་དགོས་པ་བླ་ལྷག་ཏུ་ལྡན་པས་སོ། །
དེ་ལྟ་ན་དགེ་རྒན་ཆེན་མོ་རིག་པའི་ཁུ་བྱུག་ལྟ་བུས་སྣེ་ཤན་ནས་ཟིན་བྲིས་གཉེར་བ་འདི་ལས་ཉིན་རེ་བཞིན་གྲ་རྒྱས་ཅན་དུ་འགྱུར་སྒང་གི་མཚོ་སྔོན་པོ་ཟིན་བྲིས་ནི་སྐྱེ་བོ་རབ་འབྲིང་ཀུན་གྱིས་གདེང་འཇོག་གི་གནས་སུ་གྱུར་འདུག་པའང་ཞོར་ནས་ཤེས་ཡོང་།ཁོང་གི་ཟིན་བྲིས་ཀྱི་དྲ་གནས།
blog.amdotibet.cn/ganmugun/index.aspx