རྟ་མགྲིན་དབང་རྒྱལ ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-02-07
དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གི་རྐང་དམག་དམག་སྤྱི་མུའུ་ཧན་མུའུ་ཏིག་ཕཱ་ཁི་ཕའོ་ཨར་གྱིས་ཚེས་ལྔ་ཉིན་བཤད་རྒྱུར། དབྱི་ལིང་གིས་དུས་ནམ་ཡང་དམག་འཁྲུག་མི་སློང་ལ། ཡིན་ཡང་དབྱི་ལིང་གིས་འཇིགས་སྐུལ་ལ་རྒོལ་ལན་དྲག་པོ་སྤྲོད་ངེས་ཡིན་ཟེར།
དབྱི་ལིང་གསར་འགྱུར་བརྙན་འཕྲིན་ཁང་གིས་ཕཱ་ཁི་ཕའོ་ཨར་གྱི་སྐད་ཆ་དྲངས་ཏེ་བཤད་རྒྱུར། དབྱི་ལིང་གི་འཐབ་ཇུས་ནི་འགོག་སྲུང་དམག་འཐབ་ཀྱི་གྲས་སུ་གཏོགས་ལ། ཡིན་ཡང་འཐབ་རྩལ་ནི་ཕར་རྒོལ་གྱི་རྣམ་པར་གཏོགས་པས། དབྱི་ལིང་གིས་འཇིགས་སྐུལ་གང་རུང་ལ་རྒོལ་ལན་སྤྲོད་པ་ནི་ཐག་གཅོད་རང་བཞིན་དང་ཕར་རྒོལ་རང་བཞིན་ཡིན་ཟེར། དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་འགོག་སྲུང་རུ་ཁག་གི་རྐང་དམག་གིས་ཚེས་བཞི་ཉིན་དམག་དོན་འཁྲབ་སྦྱོང་བྱས་པར་གཞིགས་ནས། ཕཱ་ཁི་ཕའོ་ཨར་གྱིས་བཤད་རྒྱུར། ཐེངས་འདིའི་དམག་དོན་འཁྲབ་སྦྱོང་གི་དམིགས་འབེན་གཙོ་བོ་ནི་དམག་དཔུང་གིས་དམག་དོན་རྡུང་རྡེག་ཐད་ལ་རྒོིལ་ལན་སྤྲོད་པའི་ནུས་པ་མཐོར་འདེགས་སུ་གཏོང་བའི་ཆེད་ཡིན་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་འགོག་སྲུང་རུ་ཁག་གི་དམག་སྤྱི་གཞོན་པ་ཧི་སེ་ཡིན་སཱ་ལཱ་མེ་ཡིས་ཚེས་ལྔ་ཉིན་བསྟན་དོན། དགྲ་དམག་གིས་དབྱི་ལིང་ལ་གཏོར་བརླགས་བཟོ་བའི་ས་ཆ་གང་ཡིན་རུང་།དེ་ནི་དབྱི་ལིང་དྲག་ཆས་དམག་དཔུང་གིས་འཁོན་ལན་སློག་པའི་དམིགས་འབེན་དུ་འགྱུར་ངེས་ཡིན་ཟེར། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་སཱ་ལེ་ཞེ་ཡིས་ཚེས་བཞི་ཉིན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དབྱི་ལིང་གིས་ད་ལྟ་ནུབ་ཕྱོགས་ཀྱིས་དབྱི་ལིང་ལ་དམིགས་པའི་འཆར་གཞི་ཡོད་ཚད་ལ་ཁ་གཏད་འཇལ་པར་གྲ་སྒྲིག་བྱས་ཡོད་ལ། ཐ་ན་ཆེས་སྡུག་པའི་གནས་བབ་ལ་ཁ་གཏད་འཇལ་པར་ཡང་གྲ་སྒྲིག་བྱས་ཡོད་ཟེར། ཨ་རིའི་སྨྱད་བྱད་ཀྱིས་དབྱི་སི་རལ་གྱིས་ད་ལོའི་དཔྱིད་ཀར་དབྱི་ལིང་ལ་དམག་དོན་རྡུང་རྡེག་གཏོང་ངེས་ཞེས་པའི་གནས་ཚུལ་ཕྱིར་བསྒྲགས་པར་དམིགས་ནས། ཨ་རིའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ལྔ་ཉིན་བསྟན་དོན། ཁོས་བསམ་རྒྱུར་དབྱི་སི་རལ་གྱིས་དབྱི་ལིང་ལ་དམག་དོན་རྡུང་རྡེག་གཏོང་བར་ད་དུང་ཐག་གིས་མ་བཅད། མིག་སྔར་ཕྱི་འབྲེལ་གྱི་ལམ་བུ་བརྒྱུད་ནས་དབྱི་ལིང་གི་ཉིང་རྡུལ་ཉམས་ཉེན་ཐག་གཅོད་པ་ནི་སྔར་བཞིན་དཔེ་སྲིད་པ་ཞིག་ཡིན་ཟེར།
ཐར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཏཱ་བོ་ཐིག་ཨོ་ལའོ་ཡིས་ཚེས་ལྔ་ཉིན་མུའུ་ཉེ་ཧེ་རུ་བསྟན་དོན། དྲག་ཤུགས་ལ་མ་བརྟེན་པར་གྲོས་མོལ་གྱི་ལམ་ནས་དབྱི་ལིང་གི་ཉིང་རྡུལ་གནད་དོན་ཐག་གིས་གཅོད་དགོས་ཟེར། དམག་དོན་འགུལ་སྐྱོད་ནི་ཆེས་ཐབས་རྡུགས་ཀྱི་གདེམས་གསེས་ཤིག་ཡིན་ལ། དམག་དོན་གྱིས་རྡུང་རྡེག་གཏང་ན་དབྱི་ལིང་གིས་དབུས་ཤར་ས་ཁུལ་དུ་ཆག་སྒོ་སློང་ངེས།
ཁ་ཐར་སོགས་ཨ་རབ་རྒྱལ་ཁབ་ཀྱི་འཐུས་མི་དག་གིས་ཀྱང་དབྱི་ལིང་ལ་དྲག་ཤུགས་བཀོལ་བར་མོས་མཐུན་མིན་པའི་ཚུལ་བསྟན་པ་མ་ཟད། དབྱི་ལིང་དང་གྲོས་མོལ་བྱས་ཏེ། མིག་སྔའི་འཕེལ་མེད་དུ་ལུས་པའི་གནས་བབ་ལས་གྲོལ་དགོས་པའི་རེ་བ་བཏོན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10