2011-10-17
རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་ཧྥ་རན་སིའི་ཕཱ་རེ་སི་ནས་བསྡུས། གྲོས་ཚོགས་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དངུལ་ལོར་གནས་བབ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་སྟོབས་དང་ལྡན་ཞིང་། རྒྱུན་མཐུད་ཡིན་པ། དོ་མཉམ་འཕར་སྣོན་ཡིན་པའི་ཁྱབ་ཁོངས། རྒྱལ་སྤྱིའི་དངུལ་ལོར་མ་ལག་གི་བཅོས་བསྒྱུར། སྣ་མང་བའི་ཚོང་རྫས་དང་ནུས་ཁུངས། དེ་མིན་དངུལ་ལོར་ལྟ་ཞིབ་དོ་དམ་སོགས་གནད་དོན་ལ་གྲོས་བསྡུར་བྱས། གྲོས་ཚོགས་གྲོལ་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ། ཀྲུང་གོའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་ཞེ་ཞུའུ་རིན་དང་ཀྲུང་གོའི་མི་དམངས་དངུལ་ཁང་གི་མགོ་བ་ཀྲིག་ཞའོ་ཁྲོན་གཉིས་ཀྱིས་ཀྲུང་གོའི་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས།གྲོས་ཚོགས་ནས་བལྟས་ན། མིག་སྔར་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་འཇིགས་ཉེན་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱོགས་སོ་སོས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཚོང་རའི་ཡིད་ཆེས་སླར་གསོ་བྱེད་དགོས་པ་དང་། དངུལ་ཁང་ཁོངས་གཏོགས་དང་དངུལ་ལོར་ཚོང་རའི་བརྟན་འཇགས་སྲུང་འཛིན་བྱེད་པ། དཔལ་འབྱོར་སླར་གསོ་དང་འཕར་སྣོན་ལ་ཡར་སྐུལ་བྱེད་དགོས་པར་འདོད། གྲོས་ཚོགས་ནས་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱིས་ཉེ་སྔོན་ཡོ་རོབ་གླིང་གི་དངུལ་བུན་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་བྱེད་ཐབས་རབ་དང་རིམ་པ་སྤྱད་པར་དགའ་བསུ་ཞུས་པར་མ་ཟད། ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན་བསྡུས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་ནས་གྲུབ་འབྲས་བཟང་བོ་ལོན་པར་རེ་བ་བཅངས་ཡོད།གྲོས་ཚོགས་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀ་ནཱ་མཐོ་རིམ་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་པའི་འགུལ་བསྐྱོད་འཆར་གཞི་ལ་གྲོས་བསྡུར་བྱས། ཕྱོགས་སོ་སོས་འགུལ་བསྐྱོད་འཆར་གཞི་དེ་མཐུན་སྦྱོར་གཅིག་གྱུར་གྱི་སྲིད་ཇུས་བྱེད་ཐབས་ཡོད་པས། དུས་ཡུན་ཐུང་ངུའི་དཔལ་འབྱོར་ཉམས་ཞན་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་། སྟོབས་དང་ལྡན་ཞིང་། རྒྱུན་མཐུད་ཡིན་པ། དོ་མཉམ་འཕར་སྣོན་བཅས་ཀྱི་རྨང་གཞི་བརྟན་པོར་འཛུགས་པར་འཐད་པ་བྱུང་།གྲོས་ཚོགས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་སྔར་ལས་བརྟན་འཇགས་དང་ཉེན་འགོག་གི་ནུས་པ་ཆེན་པོ་ལྡན་པའི་རྒྱལ་སྤྱིའི་དངུལ་ལོར་མ་ལག་བཙུགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ལྟ་ཞིབ་འགན་ནུས་དང་རོགས་སྐྱོར་ཡོ་བྱད་འཐུས་ཚང་དུ་གཏོང་བ། མུ་མཐུད་དུ་དངུལ་ལོར་སྡེ་ཁག་གི་བཅོས་བསྒྱུར་ལ་ཡར་སྐུལ་བྱེད་པ། ཁོངས་གཏོགས་ཀྱི་དངུལ་ལོར་ལས་ཁུངས་གལ་ཆེན་དང་དངུལ་ཁང་མ་ལག ལྷད་ཞུགས་ཚོང་རའི་ལྟ་ཞིབ་བཅས་ལ་ཤུགས་སྣོན་བྱས་ནས། སྣ་འཛོམས་ཚོང་རའི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་དང་འབྲུ་རིགས་རིན་གོང་འཕར་ཆག་ལས་བྱུང་བའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་རྒྱུ་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་ཐད་མ་དངུལ་བསྡུ་པའི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་རྒྱུར་འཐད་པ་བྱུང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10