བུའུ་པང་གོ་ཡིས་ཁ་ན་ཏའི་གྲོས་ཞུགས་དཔོན་པོར་མཇལ་འཕྲད་གནང་བ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2011-10-12

བུའུ་པང་གོ་ཡིས་ཁ་ན་ཏའི་གྲོས་ཞུགས་དཔོན་པོར་མཇལ་འཕྲད་གནང་བ།
 

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ན་ཏའི་གྲོས་ཞུགས་དཔོན་པོ་ཅིན་སའེ་ལཱ་ལ་མཇལ་འཕྲད་གནང་།

བུའུ་པང་གོ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཁ་ན་ཏའི་བར་འབྲེལ་བ་བཙུགས་ཏེ་ལོ་ཞེ་གཅིག་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་ཡུན་རིང་པོར་གོང་འཕེལ་དུ་སོང་། ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་བར་འགྲོ་འོང་མང་པོ་བྱས་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕན་འབྲས་མངོན་གསལ་ཐོབ་ཅིང་། དམངས་ཁྲོད་ཀྱི་མཛའ་བརྩེ་ཡང་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་། ཀྲུང་གོ་དང་ཁ་ན་ཏའི་དཔལ་འབྱོར་ལ་ཁ་གསབ་རང་བཞིན་ལྡན་པ་དང་དངོས་གཉེར་མཉམ་ལས་ཀྱི་རྨང་གཞི་བཟང་བས། ཕྱོགས་གཉིས་ཀྱིས་ཁ་གསབ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་ཟབ་མོ་བྱེད་པ་དང་། ཉོ་ཚོང་དང་དངུལ་གཏོང་གི་གཞི་ཁྱོན་རྒྱ་བསྐྱེད་པ། མཁའ་འགྲུལ་དང་ཚན་རྩལ། ཞིང་ལས། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་བཅས་བྱེད་དགོས་ཟེར།

བུའུ་པང་གོ་ཡིས་ནན་གྱིས་གསུངས་རྒྱུར། ཀྲུང་གོས་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཁ་ན་ཏ་དང་མཉམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་ལ་དམིགས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བ་དང་། ཕན་ཚུན་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ། ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་དང་དངོས་པོའི་རྨང་གཞི། དམངས་བློའི་རྨང་གཞི་བཅས་ཇེ་བརྟན་དུ་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བཟང་པོའི་སྒོ་ནས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཅིན་སའེ་ལཱ་ཡིས་བཤད་རྒྱུར། ཁ་ན་ཏས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཁའ་འགྲུལ་དང་སློབ་གསོ། ཞིང་ལས་སོགས་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཡར་སྐུལ་གང་ལེགས་བྱེད་འདོད་ཡོད་ཟེར།


 

  • ལེ་ཚན་སྔོན་མ།:ཨུ་རུ་སུའི་ཕྱོགས་ཚོང་དོན་དངུལ་ཁང་གིས།མི་དམངས་ཤོག་སྒོར་གྱི་གསོག་དངུལ་ལས་སྒོ་སྤེལ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:རྟེན་གཞི་རྩ་འཛུགས་ཡེ་མིན་ཡན་ལག་རུ་ཁག་གིས་ཨོ་ལཱ་ཅི་ཤི་བ་ཁས་ལེན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།