ཧན་གོ་དང་པུར་ཀ་རི་ཡཱའི་ཙུང་ལི་ཡིས་གྲོས་མོལ་བྱས་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2011-09-29

པུར་ཀ་རི་ཡཱ་རྒྱལ་ཁབ་ཀྱི་ཙུང་ལི་པོ་ལི་སོ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་སོ་ཧྥེ་ཡཱ་ནས་འཚམས་འདྲིར་ཡོང་བའི་ཧན་གོའི་ཙུང་ལི་ཅིན་ཧོང་ཀྲི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཇི་ལྟར་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཅིན་ཧོང་ཀྲི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཞིང་ལས་དང་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས། སྤྱི་བའི་སྒྲིག་ཆས་འཛུགས་སྐྲུན་བཅས་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཁྱབ་ཁོངས་གཙོ་བོ་ཡིན་པ་དང་། ཁོས་བལྟས་ན་པུར་ཀ་རི་ཡཱ་རྒྱལ་ཁབ་དེ་མཚོ་ནག་ས་ཁུལ་གྱི་ལྟེ་གནས་ཡིན་པའི་ཆ་ནས། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ཡོད་ལ། ཧན་གོ་དང་པུར་ཀ་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་ཀུང་ཟིས་ཚོང་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་གོ་སྐབས་སྔར་ལས་མང་བོ་སྐྲུན་ཆོག་པར་འདོད།

རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ད་རུང་ཕྱོགས་གཉིས་ཀྱི་སྲིད་གཞུང་གིས་ཕན་ཚུན་གྱི་ཁ་ལོ་བའི་ཐོབ་ཐང་ཁས་ལེན་པའི་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས། པུར་ཀ་རི་ཡཱའི་ཙུང་ལི་པོ་ལི་སོ་ཧྥུའུ་ཡིས་བཤད་རྒྱུར། དེ་ནི་པུར་ཀ་རི་ཡཱ་དང་ཡོ་རོབ་གླིང་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་བར་གྲོས་ཆོད་དེ་འདྲ་བཀོད་པ་རེད།

ཅིན་ཧོང་ཀྲི་ཚེས་ཉེར་དྲུག་ཉིན་པུར་ཀ་རི་ཡཱ་རྒྱལ་ཁབ་ཏུ་འབྱོར་ཏེ་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱས་པ་རེད། ཉིན་དེར་ཁོ་པོ་ལི་སོ་ཧྥུའུ་དང་མཉམ་དུ་པུར་ཀ་རི་ཡཱ་དང་ཧན་གོའི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་ལ་ཞུགས་པར་མ་ཟད་གླེང་སྟེགས་སྟེང་གཏམ་བཤད་སྤེལ།

  • ལེ་ཚན་སྔོན་མ།:ཨེ་ཅིབ་རྒྱལ་ཁབ་ཀྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་གྲོས་ཁང་འདེམ་བསྐོ་བྱེད་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ཨེ་ཤ་ཡཱའི་རྒྱལ་ཁབ་བཅུ་གཅིག་གིས་མཉམ་དུ་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པར་གྲོས་བསྡུར་བྱས་
  • དོ་སྣང་ཆེ་བའི་རྩོམ།