རྒྱ་གར་བྱང་ཕྱོགས་ས་ཁུལ་དུ་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར་བ།

        2011-09-20

རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་གར་བྱང་ངོས་ཀྱི་འབྲས་ལྗོངས་ས་ཁུལ་དུ་ཚེས་བཅོ་བརྒྱད་ཉིན་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་དྲག་པོ་བྱུང་བ་དང་། རྒྱ་གར་ཤར་ཕྱོགས་དང་བྱང་ཕྱོགས་ཀྱི་ས་ཁུལ་མང་བོར་ས་འགུལ་གྱི་ཚོར་བ་དྲག་པོ་ཡོད་ལ། ས་འགུལ་ལས་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་ཟེར།

རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་འབྲས་ལྗོངས་གནོད་ཐེབས་ས་ཁུལ་ནས་རྒྱ་གར་གྱི་དམག་མི་ཞིག་དང་བྱིས་པ་ཞིག་གི་བེམ་པོ་རྙེད་པ་དང་། དེ་ནི་ས་འགུལ་ལས་རྐྱེན་ལམ་དུ་ཤོར་བ་མངོན་གསལ་རེད་ཟེར།

རྒྱ་གར་གནམ་གཤིས་བརྟག་དཔྱད་ཁང་གིས་བཤད་རྒྱུར། ས་འགུལ་དེ་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་བཅུ་གཅིག་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་ནི་བྱང་ངོས་ཀྱི་འབྲས་ལྗོངས་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཀན་ཐོ་ཁི་དང་བར་ཐག་སྤྱི་ལེ་རེ་བརྒྱད་ཡོད་པའི་ས་ཁུལ་ཡིན། ས་འགུལ་བྱུང་སྐབས་རྒྱ་གར་གྱི་རྒྱལ་ས་དྷེ་ལེ་གསར་བར་ས་འགུལ་གྱི་ཚོར་བ་དྲག་པོ་ལྡན་པ་དང་། ཅཱ་ཨར་ཀི་ཏཱ་དང་ལེ་ཁི་ནོའུ་སོགས་ཤར་ཕྱོགས་དང་བྱང་ཕྱོགས་ཀྱི་གྲོང་ཁྱེར་མང་བོར་ཡང་ས་འགུལ་གྱི་ཚོར་བ་དྲག་པོ་ལྡན་ཟེར།

རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཀན་ཐོ་ཁི་གྲོང་ཁྱེར་གྱི་ཁང་བ་མང་བོར་སྲུབས་ཀ་གས་པ་དང་ས་དེའི་གློག་ཡང་ཆད། དེ་ལས་གཞན་ས་འགུལ་དེ་ལས་ད་རུང་ཏཱ་ཅི་ལིན་དང་ཞི་ལི་ཀུའུ་ལི་སོགས་འབྲས་ལྗོངས་ས་ཁུལ་ཉེ་འདབས་ཀྱི་ས་ཁུལ་དུའང་གློག་ཆད་པའི་དོན་རྐྱེན་བྱུང་། ས་ཁུལ་ལ་ལའི་ཁང་བ་ལོག་པ་དང་གྲོང་ཁྱེར་རེ་འགར་ས་འགུལ་གྱི་ཚོར་བ་དྲག་པོ་བྱུང་། སྡོད་དམངས་ལང་ལོང་སྒོས་སྡོད་ཁང་ལས་ཕྱིར་བྲོས་ནས་སྲང་ལམ་དུ་སོང་། གསར་འགོད་པས་ལག་ཁྱེར་ཁ་པར་བཀོལ་ནས་འབྲས་ལྗོངས་ས་ཁུལ་གྱི་གྲོགས་པོར་འབྲེལ་གཏུག་བྱས་པར་ཁ་པར་ལ་བརྡ་རྟགས་མེད་ཟེར།

རྒྱ་གར་གྱི་ཙུང་ལི་ཞིན་ཀི་ཡིས་མདང་དགོང་རྒུད་སྐྱོབ་སྡེ་ཁག་གི་འགན་ཁུར་བའི་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་སྲིད་གཞུང་གིས་ཤུགས་ཆེན་པོས་འབྲས་ལྗོངས་ས་ཁུལ་གྱི་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

  • ལེ་ཚན་སྔོན་མ།:ཡེ་མིན་རྒྱལ་ཁབ་ནས་རྔམ་སྟོན་ཁྲོམ་སྐོར་མཁན་དང་སྲིད་གཞུང་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ་མི་ཚེ
  • ལེ་ཚན་རྗེས་མ།:ཡོ་རོབ་གླིང་གི་བུད་མེད་ཚོགས་ཆེན་སྐབས་གསུམ་པ་ཧྭ་ཧྲ་ནས་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།