2011-08-26
ཟླ8པའི་ཚེས24ཉིན། ཨུ་རུ་སིའི་པུའུ་ལི་ཡཱ་ཐི་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་བུའུ་ལན་བུའུ་ཏི་ཉེ་འདབས་ཀྱི་དམག་དོན་རྟེན་གཞི་ནས། ཨུ་རུ་སིའི་ཙུང་ཐུང་མེ་ཏི་བེ་ཅེ་ཧྥུའུ་དང་འཚམས་འདྲིར་ཡོང་བའི་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་རི་གཉིས་ཀྱིས་ལག་འཇུ་བྱེད་བཞིན་པ། ཉིན་དེར་མེ་ཏི་བེ་ཅེ་ཧྥུའུ་དང་ཅིན་ཀྲིན་རི་གཉིས་ཀྱིས་གྲོས་མོལ་བྱས། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས24ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་མེ་ཏི་བེ་ཅེ་ཧྥུའུ་དང་ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་རི་གཉིས་ཀྱིས་ཉིན་དེར་ཨུ་རུ་སིའི་པུའུ་ལི་ཡཱ་ཐི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སུ་སྒོ་འབྱེད་མེད་པའི་དམག་དོན་རྟེན་གཞི་སོ་སི་ནོའུ་ཝེ་པོ་ཨར་ནས་གྲོས་མོལ་བྱས། བསྡོམས་པས་དུས་ཚོད2དང་སྐར་མ10ལ་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཅི་མཱ་ཁི་ཝ་ཡིས་གསར་འགོད་པར་མཚམས་སྦྱོར་བྱས་དོན། ཅིན་ཀྲིན་རི་ཡིས་གྲོས་མོལ་བྱེད་སྐབས་མེ་ཏི་བེ་ཅེ་ཧྥུའུ་ལ་བཤད་རྒྱུར། ཁྲའོ་ཞན་གྱིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཕྱོགས་དྲུག་གི་གྲོས་མོལ་ནང་ཞུགས་པར་གྲ་སྒྲིག་བྱེད་བཞིན་ཡོད་པར་མ་ཟད། གྲོས་མོལ་བྱེད་སྐབས་ཉིང་རྡུལ་འབར་རྫས་ཐོན་སྐྱེན་བྱེད་མཚམས་འཇོག་པ་དང་ཉིང་རྡུལ་གྱི་ཚོད་ལྟ་མཚམས་འཇོག་རྩིས་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། མེ་ཏི་བེ་ཅེ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་བསྟན་དོན། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་བརྒྱུད་དེ་ཧན་གོ་རྒྱལ་ཁབ་ལ་རང་བྱུང་སོལ་རླངས་ཕྱིར་གཏོང་བྱེད་པའི་སྦུག་ལམ་འཐེན་པའི་གྲོས་གཞི་གཏན་འབེབས་བྱེད་རྒྱུར་འཐད་པ་བྱུང་། ཨུ་རུ་སིའི་འབྲེལ་ཡོད་སྡེ་ཁག་གིས་དམིགས་བསལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཁྲའོ་ཞན་གྱི་མངའ་ཁོངས་བརྒྱུད་པའི་སོལ་རླངས་སྦུག་ལམ་གྱི་མཉམ་ལས་ནང་དོན་གཏན་འབེབས་བྱེད་རྒྱུ་མ་ཟད། ཧན་གོ་ཕྱོགས་ལས་གཞི་དེར་ཞུགས་པར་གདན་ཞུ་བྱེད་རྒྱུ་ཡིན་ཟེར། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཚོད་དཔག་བྱས་ན་སོལ་རླངས་སྦུག་ལམ་དེའི་རིང་ཚད་ལ་སྤྱི་ལེ་སྟོང་གཅིག་དང་བརྒྱ་ཡོད་པ་དང་། ལོ་ཧྲིལ་བོའི་རང་བྱུང་སོལ་རླངས་ཀྱི་འདྲེན་ཚད་ལི་ཧྥང་སྨི་དུང་ཕྱུར་བརྒྱར་སླེབས་སྲིད་ལ། དགོས་མཁོ་ལྟར་འདྲེན་ཚད་ཇེ་མང་དུ་བཏང་ཆོག ཐེངས་འདིའི་གྲོས་མོལ་ཁྲོད། ཨུ་རུ་སི་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ད་རུང་མཉམ་དུ་ཁྲའོ་ཞན་གྱིས་སྔོན་ཆད་སུའུ་ལེན་ལ་ཆད་པའི་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་བརྒྱ་དང་བཅུའི་དངུལ་བུན་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས། ཨུ་རུ་སིའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་སི་ཐོ་ཨར་ཆ་ཁི་ཡིས་སྔོན་བཤད་རྒྱུར། དངུལ་བུན་དེ་ཁྲའོ་ཞན་གྱིས་སྔོན་སུའུ་ལེན་རྒྱལ་ཁབ་ཀྱི་སྐབས་སུ་ཆད་པ་རེད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10