ཐུར་ཁེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ལི་པུ་ཡཱའི་བདེ་འཇགས་དང་བརྟན་འཇགས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་བསམ་ཚུལ་བསྟན་པ།

        2011-08-25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཏཱ་བུའུ་ཐི་ཨོ་ལོའུ་ཡིས་ཚེས23ཉིན་ལི་པུ་ཡཱའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་པན་ཅཱ་ཞི་རུ་འཚམས་འདྲི་བྱས་པ་དང་། ཁོས་ཐུར་ཁེ་རྒྱལ་ཁབ་ཀྱིས་ལི་པུ་ཡཱའི་མི་དམངས་ལ་རྒྱབ་སྐྱོར་བྱས་ཏེ། ལི་པུ་ཡཱའི་བདེ་འཇགས་དང་བརྟན་འཇགས་མངོན་འགྱུར་བྱེད་པར་བརྩོན་རྒྱུའི་བསམ་ཚུལ་བསྟན།

ཉིན་དེར་ཏཱ་བུའུ་ཐི་ཨོ་ལོའུ་དང་ལི་པུ་ཡཱའི་རྒྱལ་ཁབ་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་ལེ་ལེ་གཉིས་ཀྱིས་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། ཏཱ་བུའུ་ཐི་ཨོ་ལོའུ་ཡིས་བཤད་རྒྱུར། ཐུར་ཁེ་རྒྱལ་ཁབ་ཀྱིས་ལི་པུ་ཡཱའི་མི་དམངས་ཀྱིས་གསར་བརྗེའི་དམིགས་འབེན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གང་མགྱོགས་སྒོས་ནོར་སྲིད་ཀྱི་རོགས་སྐྱོར་ཚང་མ་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་ལ་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཏཱ་བུའུ་ཐི་ཨོ་ལོའུ་ཡིས་ལི་པུ་ཡཱའི་མི་དམངས་ལ་ནོར་སྲིད་ཀྱི་རོགས་སྐྱོར་མཁོ་གལ་ཆེ་བར་བཤད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གང་མགྱོགས་སྒོས་རྒྱལ་ཁབ་གཞན་དུ་ཡོད་པའི་ལི་པུ་ཡཱའི་རྒྱུ་ནོར་ཕྱིར་སྤྲད་དེ་ངོ་རྒོལ་ཕྱོགས་ཁག་གི་མ་དངུལ་ཡོང་ཁུངས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཐུར་ཁེ་རྒྱལ་ཁབ་ཀྱིས་ཀྱང་དེའི་ཐད་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་ཐུར་ཁེ་རྒྱལ་ཁབ་ཀྱིས་མིག་སྔར་ལི་པུ་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་གསུམ་ཙམ་གྱི་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། དེའི་ནང་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར1ལ་སྐྱིན་ཚབ་མི་དགོས་ལ། ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར2ནི་དངུལ་བུན་རང་བཞིན་གྱི་རོགས་སྐྱོར་ཡིན་པ་གསལ་བོར་བཤད།

ཏཱ་བུའུ་ཐི་ཨོ་ལོའུ་ཡིས་ད་རུང་བསྟན་དོན། ལི་པུ་ཡཱའི་གནད་དོན་འབྲེལ་གཏུག་ཚན་ཆུང་གི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཐུར་ཁེ་རྒྱལ་ཁབ་ཀྱིས་མཐོ་རིམ་མགོ་ཁྲིད་པའི་གྲོས་ཚོགས་བསྡུས་ཏེ་ལི་པུ་ཡཱའི་རོགས་སྐྱོར་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུའི་གྲོས་གཞི་བཏོན་ཡོད་ལ། ལི་པུ་ཡཱའི་གནད་དོན་གྱི་འབྲེལ་གཏུག་ཚན་ཆུང་གི་གྲོས་ཚོགས་དེ་ཚེས25ཉིན་ཐུར་ཁེ་རྒྱལ་ཁབ་ཀྱི་དབྱེ་སི་ཐན་པོར་གྲོང་ཁྱེར་ནས་འཚོག་རྒྱུ་དང་། གྲོས་ཚོགས་ནས་ལི་པུ་ཡཱའི་ཆབ་སྲིད་དང་དམག་དོན་སོགས་ཁྱབ་ཁོངས་ཀྱི་བྱ་བའི་འཆར་གཞི་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།  །

 
  • ལེ་ཚན་སྔོན་མ།:ཨུ་རུ་སིའི་དྲག་ཆས་ཚོད་ལྟ་བྱེད་ས་ཞིག་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི18ལ་ཤི་རྨས་བྱུང་བ།
  • ལེ་ཚན་རྗེས་མ།:ཡེ་མིན་རྟེན་གཞི་རྩ་འཛུགས་ཀྱིས་སྲིད་གཞུང་དམག་དཔུང་གི་དམག་སྒར་ལ་འཇབ་རྒོལ་བྱས་ཏེ་མི14རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།