2011-08-24
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སུ་རི་ཡའི་ཙུང་ཐུང་པ་ཧྲར་གྱིས་ཚེས21ཉིན་ཏ་མ་ཧྲི་ཀི་ནས་བཤད་རྒྱུར། སུ་རི་ཡའི་མི་དམངས་ཀྱིས་རང་རྟོགས་ཀྱིས་མེས་རྒྱལ་ལ་སྲུང་སྐྱོབ་བྱས་ཏེ། ཉེ་བའི་གཟའ་འཁོར་འགའི་རིང་གི་སུ་རི་ཡའི་སྲིད་དབང་རྩ་རྫོགས་བྱེད་འདོད་པའི་ལྐོག་གཡོ་ཕམ་པར་བརྒྱབ་པས། སུ་རི་ཡའི་བདེ་འཇགས་གནས་བབ་ཇེ་བཟང་དུ་སོང་ཡོད་ཟེར།
པ་ཧྲར་གྱིས་ཉིན་དེའི་དགོང་མོར་སུ་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཉེ་བའི་གཟའ་འཁོར་འགའི་རིང་ལ། དམག་དཔུང་དང་བདེ་འཇགས་དམག་དཔུང་། ཉེན་རྟོག་པའི་སོ་ལྟ་ཁང་སོགས་ལ་དྲག་ཤུགས་འཇབ་རྒོལ་བྱེད་ཚད་ཇེ་མང་དུ་སོང་མོད། ཡིན་ནའང་ང་ཚོས་དེར་ཁ་གཏད་འཇལ་ཐུབ་པ་བྱུང་ལ། ང་ཚོས་བདེ་འཇགས་ཐད་ནས་གྲུབ་འབྲས་ལེན་མགོ་བརྩམས་པས། ངས་བདེ་འཇགས་གནས་བབ་སྔོན་ཆད་ལས་ཇེ་བཟང་དུ་སོང་ཡོད་ཅེས་བཤད་ཐུབ་ཟེར། ཁོས་བདེ་འཇགས་ཐད་དུ་ད་དུང་གནད་དོན་ཁ་ཤས་གནས་པ་དེ་བདེ་འཇགས་ལས་ཁུངས་ཀྱིས་ཐག་གཅོད་དགོས་ཞེས་བཤད།
སུ་རི་ཡའི་ཉམས་ཉེན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་པའམ་ཡང་ན་དྲག་ཤུགས་ལ་བརྟེན་ནས་ཐག་གཅོད་པའི་གནད་དོན་སྐོར་གླེང་སྐབས། པ་ཧྲར་གྱིས་ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་པ་ནི་ལི་པི་ཡའི་གདམ་གསེས་ཡིན་ཏེ། གལ་ཏེ་ང་ཚོས་དོན་རྐྱེན་བྱུང་མ་ཐག་ཏུ་ཆབ་སྲིད་ཀྱི་ཐབས་ལམ་གདམ་གསེས་མ་བྱས་ཚེ། དོན་རྐྱེན་བྱུང་ནས་གཟའ་འཁོར་གཅིག་འགོར་རྗེས་ཀྱི་བཅོས་སྒྱུར་དེ་གང་ནས་འོང་ཞེས་བཤད། ཡིན་ནའང་ཁོས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་གནས་ཚུལ་འོག་ཏུ་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ན་ད་གཟོད་དམིགས་ཡུལ་ལེགས་འགྲུབ་འབྱུང་ངེས་ཞེས་ནན་གྱིས་བཤད།
པ་ཧྲར་གྱིས་བཤད་རྒྱུར། ད་ལྟ་སུ་རི་ཡ་བར་བརྒལ་གྱི་དུས་རིམ་དུ་གནས་ཡོད་པས་མུ་མཐུད་དུ་གྲོས་མོལ་བྱེད་དགོས། སུ་རི་ཡས་སྲིད་ཏང་བཅའ་ཁྲིམས་དང་འདེམ་བསྐོ་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ཡོད་པ་དང་། རྗེས་ཕྱོགས་ཀྱི་ཉིན་འགའི་ནང་ས་གནས་སྲིད་འཛིན་བཅའ་ཁྲིམས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ལ། ཟླ་བརྒྱད་པའི་ཟླ་མཇུག་གི་སྔོན་ལ་གསར་འགྱུར་བཅའ་ཁྲིམས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པར་མ་ཟད། ཉིས་སྟོང་བཅུ་གཉིས་ལོའི་ཟླ་གཉིས་པར་གྲོས་ཁང་གི་འདེམ་བསྐོ་བསྡུ་རྒྱུ་ཡིན་ཟེར།
ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་དང་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱི་མགོ་ཁྲིད་པས་པ་ཧྲར་སྲིད་སྟེགས་ལས་འབབ་དགོས་པའི་འབོད་སྐུལ་བཏང་བའི་གནད་དོན་སྐོར་གླེང་སྐབས། པ་ཧྲར་གྱིས་ཁོ་ཚོའི་སྐད་ཆར་སྙིང་བོ་མེད། རྒྱུ་མཚན་ནི་ཙུང་ཐུང་གི་གོ་གནས་འདི་ཁོ་ཚོར་འབྲེལ་བ་མེད་དེ། ང་ནི་ཨ་མེ་རི་ཁ་དང་ནུབ་ཕྱོགས་ཀྱི་ཙུང་ཐུང་མིན་པར། སུ་རི་ཡའི་མི་དམངས་ཀྱིས་བདམས་པའི་ཙུང་ཐུང་ཡིན་ཞེས་བཤད།
ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཚེས18ཉིན་ཐོག་མར་པ་ཧྲར་སྲིད་སྟེགས་ལས་འབབ་དགོས་པའི་རེ་བ་བཏོན། ཁོས་ད་ནི་པ་ཧྲར་སྲིད་སྟེགས་ལས་འབབ་པའི་དུས་ལ་ཐོན་ཡོད་ཅེས་བཤད། དེའི་རྗེས་སུ་དབྱིན་ཇི་དང་ཧྥ་རན་སི། འཇར་མན། ཁ་ན་ཏ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཀྱང་གསལ་བསྒྲགས་སྤེལ་ནས། པ་ཧྲར་སྲིད་སྟེགས་ལས་འབབ་དགོས་པའི་རེ་བ་བཏོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10