ཨུ་རུ་སིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པི་ཡའི་གནད་དོན་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་བ།

        2011-08-24

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཉིས་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ད་ལྟའི་གནས་བབ་འོག ཨུ་རུ་སིས་རྒྱལ་ཁབ་ཚང་མས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད1970པ་དང1973པ་བརྩི་སྲུང་བྱས་ཏེ། ལི་པི་ཡའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པར་མ་ཟད། རྒྱལ་ཁབ་དེའི་སྤྱི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པ་དང་ཁྲིམས་མཐུན་སྲིད་དབང་འཛུགས་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།

གསལ་བསྒྲགས་ནང་དུ། ལི་པི་ཡའི་ཁ་ཀྲ་ཧྥེ་སྲིད་དབང་དང་ངོ་རྒོལ་ཕྱོགས་ཁག་བར་གྱི་ཡུན་རིང་གི་དྲག་ཆས་འཁྲུག་རྩོད་དེ་ཕྱོགས་གཉིས་ཀྱིས་རྒྱལ་ས་ཏི་ལེ་པོ་ལེ་རྩོད་པའི་གནད་འགག་གི་དུས་སྐབས་སུ་བསླེབས་པ་དང་། འཐབ་འཁྲུག་དྲག་པོ་དེས་ཕྱོགས་གཉིས་དང་མི་སེར་མང་པོར་ཤི་རྨས་ཚབས་ཆེན་བཟོས་ཞེས་བཤད་ཡོད།

གསལ་བསྒྲགས་ནང་དུ་བཤད་རྒྱུར། ལི་པི་ཡའི་འཁྲུག་རྩོད་ལས་ཐོབ་པའི་བསླབ་བྱ་གཙོ་བོ་ནི། རྒྱལ་ཁབ་ཅིག་གི་ནང་ཁུལ་དུ་འགལ་བ་འབྱུང་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་གྲོས་ཆོད་གཞན་པ་བརྩི་སྲུང་ནན་མོ་བྱས་ཏེ། རང་ཚོད་ཆེན་པོ་འཛིན་དགོས་པར་མ་ཟད། རང་གིས་ཁུར་འོས་པའི་ལས་འགན་ཕྲག་ཏུ་ལེན་རྒྱུ་དེ་རེད་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ལི་པི་ཡའི་ངོ་རྒོལ་ཕྱོགས་ཁག་གིས་སྲིད་དབང་བཟུང་རྗེས། ལི་པི་ཡའི་རྒྱལ་དམངས་ལ་གནོད་པ་ཚབས་ཆེན་བཟོས་པར་མ་ཟད་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུད་ཚབས་ཆེན་ཐེབས་སུ་བཅུག་པའི་འཁྲུག་རྩོད་དེ་མྱུར་དུ་མཚམས་འཇོག་རྒྱུ་དང་། ལི་པི་ཡས་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བ་བཅས་ལ་ཁག་ཐེག་བྱེད་པའི་རྨང་གཞིའི་སྟེང་ཁྲིམས་མཐུན་གྱི་སྲིད་དབང་ལས་ཁུངས་དང་དམངས་གཙོའི་ལམ་ལུགས་འཛུགས་རྒྱུའི་རེ་བ་བཅངས་ཡོད་ཟེར།

གསལ་བསྒྲགས་ནང་དུ་ཨུ་རུ་སི་དང་ལི་པི་ཡས་ལོ་མང་པོར་མཛའ་མཐུན་མཉམ་ལས་འབྲེལ་བ་སྲུང་འཛིན་བྱས་ཡོད་པ་དང་། ཨུ་རུ་སིས་མུ་མཐུད་དུ་ལི་པི་ཡ་ལ་རྒྱབ་སྐྱོར་བྱེད་རྩིས་ཡོད་པར་མ་ཟད། རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་རྒྱུ་ཡིན་ཞེས་བཤད་ཡོད།

  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཟའ་འཁོར་འདིའི་ནང་ལི་པི་ཡའི་གནད་དོན་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུ་རྒྱུ་ཡིན
  • ལེ་ཚན་རྗེས་མ།:སུ་རི་ཡའི་ཙུང་ཐུང་གིས་སུ་རི་ཡའི་བདེ་འཇགས་གནས་བབ་ཇེ་བཟང་དུ་ལ་སོང་ཡོད་ཅེས་བསྒྲགས་པ།
  • དོ་སྣང་ཆེ་བའི་རྩོམ།