མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཟའ་འཁོར་འདིའི་ནང་ལི་པི་ཡའི་གནད་དོན་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུ་རྒྱུ་ཡིན་པ།

        2011-08-24

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས་ཉེར་གཉིས་ཉིན་ཉིག་ཡའོ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ནས་བཤད་རྒྱུར། ཁོས་གཟའ་འཁོར་འདིའི་གཟའ་མཇུག་ལ་འབྲེལ་ཡོད་ས་ཁུལ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མགོ་ཁྲིད་པ་བསྡུས་ཏེ་བྲེལ་མྱུར་གྲོས་ཚོགས་བསྡུས་ནས། ལི་པི་ཡའི་གནས་བབ་ལ་གྲོས་སྡུར་བྱེད་རྒྱུ་ཡིན་ཟེར།ཕན་ཅི་བུན་གྱིས་ཉིན་དེའི་སྔ་དྲོར་ལི་པི་ཡའི་གནས་བབ་ཐད་ནས་གསར་འགོད་པར་གཏམ་བཤད་གནང་། ཁོས་བཤད་རྒྱུར། རྒྱལ་ཁབ་དེའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་དམིགས་ཏེ། ཁོས་གཟའ་འཁོར་འདིའི་གཟའ་མཇུག་ཏུ་ཨ་ཧྥེ་རི་ཁ་མཉམ་འབྲེལ་དང་ཨ་རབ་རྒྱལ་ཁབ་མཉམ་འབྲེལ། དབྱི་སི་ལན་མཉམ་ལས་རྩ་འཛུགས། ཡོ་རོབ་གླིང་མནའ་འབྲེལ་སོགས་འབྲེལ་ཡོད་ས་ཁུལ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མགོ་ཁྲིད་པ་བསྡུས་ཏེ་བྲེལ་མྱུར་གྲོས་ཚོགས་བསྡུས་ནས། ལི་པི་ཡའི་གནས་བབ་ལ་གྲོས་མོལ་བྱེད་རྩིས་ཡོད་ཟེར།ཕན་ཅི་བུན་གྱིས་དུས་འདི་ནི་རེ་བས་ཁེངས་པའི་དུས་སྐབས་ཡིན་མོད། ཡིན་ནའང་ཉེན་ཁ་ཡང་ཡོད་པས། ལི་པི་ཡའི་མི་དམངས་ཀྱིས་ད་ལྟ་སྟོབས་ཤུགས་གཙོ་བོ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་འགྲིག་མཐུན། བཟོད་སྒོམ་བཅས་ཀྱི་ཐད་དུ་འབུལ་དགོས་ཞེས་བཤད།ཕན་ཅི་བུན་གྱིས་ལི་པི་ཡའི་སྲིད་གཞུང་དམག་གིས་མྱུར་དུ་དྲག་ཤུགས་སྤྱོད་མཚམས་བཞག་སྟེ། སྲིད་དབང་བརྟན་བརླིང་སྒོས་བར་བརྒལ་བྱེད་པར་ལམ་ཕྱེས་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་འཇགས་དང་ཁྲིམས་ལུགས། སྤྱི་ཚོགས་དང་དཔལ་འབྱོར་སླར་གསོ། རྩ་ཁྲིམས་གཏན་ཁེལ་དང་འདེམ་བསྐོ་སོགས་གནད་འགག་གི་ཁྱབ་ཁོངས་ནས་ལི་པི་ཡ་ལ་རོགས་རམ་བྱེད་པའི་གྲ་སྒྲིག་བཟང་པོ་བྱས་ཡོད་ཟེར། ཕན་ཅི་བུན་གྱིས་ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྟོབས་ཤུགས་ཡོད་རྒུས་ལི་པི་ཡའི་སྲིད་དབང་གོ་རིམ་ལྡན་པའི་སྒོ་ནས་བར་བརྒལ་བྱས་ཏེ། རྒྱལ་ཁབ་དེའི་མི་དམངས་ཀྱི་ཞི་བདེ་དང་དམངས་གཙོའི་ཐད་ཀྱི་རེ་འདོད་མངོན་འགྱུར་བྱེད་པའི་ཐད་ལ་རོགས་རམ་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཞེས་བཤད།གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ལི་པི་ཡའི་ངོ་རྒོལ་ཕྱོགས་ཁག་གིས་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་རྒྱལ་ས་ཏི་ལེ་པོ་ལེ་ཚོད་འཛིན་བྱས་པ་དང་། ཁ་ཀྲ་ཧྥེའི་བུ་ཆེ་བ་མུའུ་ཧན་མོ་ཏི་ཡིས་ངོ་རྒོལ་ཕྱོགས་ཁག་ལ་མགོ་བཏེགས་ཤིང་། བུ་གཞན་པ་སད་དབྱི་ཧྥུའུ་དང་ས་ཨ་ཏིས་གཉིས་འཛིན་བཟུང་བྱས་ཡོད་ལ། ཁ་ཀྲ་ཧྥེ་ད་དུང་གར་སོང་མི་ཤེས་ཞེས་བསྒྲགས་ཟེར།

  • ལེ་ཚན་སྔོན་མ།:ཕ་ལེ་སི་ཐན་གྱི་ས་གནས་འདེམ་བསྐོ་ཡང་བསྐྱར་དུས་ངེས་མེད་དུ་རྗེས་ལ་བསྣུར་བ།
  • ལེ་ཚན་རྗེས་མ།:ཨུ་རུ་སིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པི་ཡའི་གནད་དོན་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷ
  • དོ་སྣང་ཆེ་བའི་རྩོམ།