མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུ་རི་ཡའི་འཁྲུག་རྩོད་ལ་སྐྱོན་བརྗོད་བྱས་པ་དང་ཨ་མེ་རི་ཁས་སུ་རི་ཡ་ལ་བཀག་སྡོམ་བྱས་པ།

མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་དྲངས།        2011-08-22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མི་ན་ཧ་ཉི་སིག་མུའུ•ཕིས་ལའེ་ཡིས་ཚེས18ཉིན་སྙན་ཞུ་སྤེལ་ནས། སུ་རི་ཡའི་དམག་ཕྱོགས་དང་རྔམ་སྟོན་པའི་བར་གྱི་འཁྲུག་རྩོད་དེ་མིའི་རིགས་ལ་གནོད་སྐྱེལ་བའི་ནག་ཉེས་སུ་འགྱུར་ངེས་ཞེས་དཔྱད་འཇོག་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུ་རི་ཡའི་འཁྲུག་རྩོད་ཀྱི་འབྲེལ་ཡོད་གྲོས་གཞི་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྤྲད་དེ་ཐག་གཅོད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། ཉིན་དེར་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་སུ་རི་ཡ་ལ་བཀག་སྡོམ་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

ཕིས་ལའེ་ཡིས་སྙན་ཞུའི་ནང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མི་གཞུང་སྒྲུབ་ཁང་གིས་མངགས་པའི་ཆེད་མཁས་པས་སུ་རི་ཡའི་འགྲོ་མིའི་ཐོབ་ཐང་གནས་ཚུལ་ལ་དཔྱད་འཇོག་བྱས་རྗེས། འགྲོ་མིའི་ཐོབ་ཐང་ལ་ཡོངས་ཁྱབ་ཏུ་གནོད་སྐྱེལ་བའམ་མི་སེར་ལ་འཇབ་རྒོལ་བྱས་པའི་གནས་ཚུལ་ཡོད་པ་དང་། མིའི་རིགས་ལ་གནོད་སྐྱེལ་བའི་ནག་ཉེས་འབྱུང་སྲིད་པ་ཤེས་ཟེར།

ཤོག་ངོས་ཉེར་གཉིས་ཅན་གྱི་སྙན་ཞུའི་ནང་དོན་གཙོ་བོ་ནི། ཞི་བའི་རྔམ་སྟོན་མཁན་ལ་སྲོག་གཅོད་པར་བྱེད་པའི་དྲག་ཤུགས་བཀོལ་བ་དེ་ཡིན་ལ། བསྡོམས་པས་དཔེ་བཅུ་གསུམ་དྲངས་ནས་མིའི་རིགས་ལ་གནོད་སྐྱེལ་བའི་གནས་ཚུལ་བརྗོད་ཡོད།

ཡིན་ནའང་ཆེད་མི་གཞུང་སྒྲུབ་ཁང་གིས་མངགས་པའི་ཆེད་མཁས་པ་སུ་རི་ཡའི་ས་ཐོག་ཏུ་འགྲོ་མ་ཐུབ་པས། སྙན་ཞུ་དེས་ཆེད་མཁས་པས་སི་རུ་ཡ་དང་རྒྱལ་ཕྱིའི་མི་བརྒྱ་དང་བརྒྱད་ཅུ་ལ་བཅར་འདྲི་བྱས་པའི་ཟིན་ཐོ་དང་། སྨན་པས་སུ་རི་ཡའི་མངའ་ཁོངས་ཀྱི་ཡུལ་གྱུར་བའི་སྒར་སའི་རྨས་མར་བྲིས་པའི་སྨན་ཡིག་དང་། ཕབ་པའི་བརྙན་རིས། བསྐྱོན་པའི་འདྲ་པར་བཅས་གཞིར་བཟུང་ཡོད།

སྙན་ཞུ་དེའི་རྟོག་དཔྱོད་ཀྱི་དུས་ཚོད་ནི་ད་ལོའི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ནས་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་བར་ཡིན་ལ། སྙན་ཞུའི་ནང་དུ་ད་ལོའི་ཟླ་བཞི་བའི་ཚུན་ལ། ཉུང་མཐར་ཡང་མི་སྟོང་གཅིག་དང་དགུ་བརྒྱ་སུ་རི་ཡའི་དྲག་ཤུགས་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཞེས་བཀོད་ཡོད། སྙན་ཞུ་དེ་མ་བསྒྲགས་གོང་། སུ་རི་ཡའི་ཙུང་ཐུང་པ་ཧྲར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་ལ་ཁ་པར་བཏང་ནས། སུ་རི་ཡའི་དམག་དཔུང་གིས་རྔམ་སྟོན་པར་བཀག་འགོག་བྱེད་མཚམས་བཞག་པ་ཡིན་ཞེས་བཤད།

ཧྥ་རན་སིའི་གསར་འགྱུར་ཁང་གིས་བཤད་ཚུལ་ལྟར་ན། ཕན་ཅི་བུན་གྱིས་སུ་རི་ཡའི་བདེ་འཇགས་དམག་དཔུང་གིས་མི་སེར་ལ་དྲག་ཤུགས་སྤྱད་པ་དང་། མིའི་རིགས་ལ་གནོད་སྐྱེལ་བའི་ཐད་ནས་ཉེན་བརྡ་བཏང་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ཞིག་གིས་བཤད་རྒྱུར། ཕན་ཅི་བུན་གྱིས་སུ་རི་ཡས་ངེས་པར་དུ་དམག་དོན་འགུལ་སྐྱོད་ཐམས་ཅད་མཚམས་འཇོག་དགོས་པ་དང་། གཞི་ཁྱོན་ཆེ་བའི་འཛིན་བཟུང་བྱེད་མཚམས་འཇོག་དགོས་ཞེས་ནན་གྱིས་བསྟན་པ་དང་། པ་ཧྲར་གྱིས་ཕན་ཅི་བུན་ལ་དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱི་འགུལ་སྐྱོད་མཚམས་བཞག་པ་ཡིན་ཞེས་བཤད་ཟེར།

དེ་དང་མཉམ་དུ། པ་ཧྲར་གྱིས་ཕན་ཅི་བུན་ལ་རྗེས་ཕྱོགས་ཀྱི་ཟླ་འགའི་རིང་ལག་བསྟར་བྱེད་རྒྱུ་ཡིན་པའི་བཅོས་སྒྱུར་བྱེད་ཐབས་ཡར་ཞུ་བྱས་པ་དང་། དེའི་ནང་དོན་ལ་རྩ་ཁྲིམས་བཟོ་བཅོས་དང་འདེམ་བསྐོའི་ལམ་ལུགས་བཟོ་བཅོས་སོགས་འདུས། པ་ཧྲར་གྱིས་བཅོས་སྒྱུར་ངེས་པར་དུ་ལག་བསྟར་བྱེད་དགོས་པ་དང་རྗེས་ཕྱོགས་དམག་དོན་ཐད་ནས་ཐེ་གཏོགས་ཅི་ཡང་བྱེད་མི་སྲིད་ཅེས་བཤད།

མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ཀྱིས་ཚེས་བཅོ་བརྒྱད་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སུ་རི་ཡའི་གནད་དོན་ཐད་ཀྱི་གྲོས་ཚོགས་བསྡུ་རྒྱུའི་ཐག་བཅད་ཡོད་པ་དང་། གྲོས་ཚོགས་མ་བསྡུས་གོང་ཨ་མེ་རི་ཁས་སུ་རི་ཡ་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྒྲགས།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་གསལ་བསྒྲགས་སྤེལ་ནས། སུ་རི་ཡའི་འཁྲུག་རྩོད་ཀྱིས་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཨ་མེ་རི་ཁའི་ཕྱི་འབྲེལ་སྲིད་ཇུས། ཨ་མེ་རི་ཁའི་དཔལ་འབྱོར་བཅས་ལ་རྒྱུན་ལྡན་མིན་པའི་འཇིགས་སྣང་ཚབས་ཆེན་བཟོས་ཞེས་བཤད། །

 
  • ལེ་ཚན་སྔོན་མ།:ཐུར་ཁེའི་འཐབ་འཛིང་གནམ་གྲུས་ཡང་བསྐྱར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱི་སྒར་ས་འགས་གཏོར་
  • ལེ་ཚན་རྗེས་མ།:དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་དབྱི་སི་རལ་དམག་དཔུང་གི་འཇབ་རྒོལ་ཁྲོད་ནས་ཨེ་ཅིབ་རྒྱལ་ཁབ་ཀྱི་མི་
  • དོ་སྣང་ཆེ་བའི་རྩོམ།