ཧན་གོ་དང་ཁྲའོ་ཞན་གྱིས་ཕན་ཚུན་ལ་སྒྱོགས་མདེལ་འཕངས་པ།

ཕྱུག་ལོ།        2011-08-12

ཚེས་བཅུའི་ཉིན། ཁྲའོ་ཞན་དང་ཧན་གོས་ཁྲའོ་ཞན་ཕྱེད་གླིང་གི་ནུབ་ཕྱོགས་མཚོ་ཁོངས་ནས་ཕན་ཚུན་ལ་སྒྱོགས་མདེལ་འཕངས་པ་དང་། དོན་རྐྱེན་ཁྲོད་དུ་ཧན་གོ་ཕྱོགས་ཀྱི་མི་སྣར་རྨས་སྐྱོན་དང་རྒྱུ་ནོར་ལ་གྱོང་གུད་མ་ཐེབས། ཧན་གོ་ཕྱོགས་ཀྱིས་ད་ལྟ་ཁྲའོ་ཞན་གྱིས་ཅིའི་ཕྱིར་སྔོན་ལ་སྒྱོགས་མདེལ་འཕངས་པར་རྟོག་ཞིབ་བྱེད་བཞིན་ཡོད། ཁྲའོ་ཞན་དཔོན་ཕྱོགས་ཀྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་མ་བསྟན་ལ། ཨ་མེ་རི་ཁའི་གསར་འགྱུར་ལས་ཁུངས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། ཁྲའོ་ཞན་གྱིས་སྒྱོགས་མདེལ་འཕངས་པ་དེ་ནི་གཟའ་འཁོར་རྗེས་མར་སྤེལ་རྒྱུ་ཡིན་པའི་ཨ་མེ་རི་ཁ་དང་ཧན་གོའི་དམག་སྦྱོང་ལ་བཏང་བའི་ཉེན་བརྡ་རེད་ཟེར།

ཧན་གོའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་པས་ཚེས་བཅུ་ཉིན་གསར་འགོད་པར་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ས་དེའི་དུས་ཚོད་བཅུ་གསུམ་ཡས་མས་སུ་ཡན་ཕེན་གླིང་ཕྲན་ཉེ་འདབས་ཀྱི་རྩོད་གཞིར་གྱུར་པའི་བྱང་ཕྱོགས་མཐའ་མཚམས་ཉེ་འདབས་ལ་སྒྱོགས་མདེལ་འཕངས་པས། ཧན་གོའི་དམག་ཕྱོགས་ཀྱིས་ཉེན་བརྡ་བཏང་རྗེས། དུས་ཚོད་བཅུ་བཞི་ཡས་མས་སུ་བྱང་ཕྱོགས་མཐའ་མཚམས་ཉེ་འདབས་ལ་སྒྱོགས་མདེལ་གསུམ་འཕངས་ཏེ་རྒོལ་ལན་སྤྲད་པ་ཡིན་ཟེར།

གཞན་ཡང་ཧན་གོའི་འཕྲིན་གཏོང་ཁང་གིས་ཚེས་བཅུ་ཉིན་གྱི་དགོང་མོར་བསྒྲགས་རྒྱུར། དུས་ཚོད་བཅུ་དགུ་དང་སྐར་མ་ཞེ་དྲུག་སྟེང་། ཁྲའོ་ཞན་ཕྱོགས་ཀྱིས་ཡང་བསྐྱར་བྱང་ཕྱོགས་མཐའ་མཚམས་ཉེ་འདབས་ཀྱི་ཕྱོགས་སུ་སྒྱོགས་མདེལ་གཉིས་འཕངས་པ་དང་། སྒྱོགས་མདེལ་གཅིག་བྱང་ཕྱོགས་མཐའ་མཚམས་ཉེ་འདབས་སུ་ཕོག དེར་རྒོལ་ལན་སྤྲོད་ཆེད་ཧན་གོའི་དམག་ཕྱོགས་ཀྱིས་དུས་ཚོད་ཉི་ཤུ་དང་སྐར་མ་གཉིས་ཀྱི་སྟེང་ཕྱིར་སྒྱོགས་མདེལ་གསུམ་འཕངས་ཟེར།

ཧན་གོའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ད་སྔ་ཁྲའོ་ཞན་ཕྱོགས་ཀྱིས་རྒྱུ་མཚན་ཅིའི་ཕྱིར་བྱང་ཕྱོགས་མཐའ་མཚམས་ཉེ་འདབས་ལ་སྒྱོགས་མདེལ་འཕངས་པ་མི་ཤེས་པ་དང་། ཧན་གོའི་དམག་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་པར་མ་ཟད། དུས་ངེས་མེད་དུ་དེར་ཁ་གཏད་འཇལ་རྩིས་ཡོད་ཟེར། ཧན་གོའི་ཚན་མོ་པུའུ་ཡི་དཔོན་རིགས་ཀྱིས་བཤད་རྒྱུར། ཉེ་ལམ་ཁྲའོ་ཞན་དམག་ཕྱོགས་ཀྱིས་སྦྱོང་བརྡར་བྱེད་བཞིན་ཡོད་མོད། ཡིན་ནའང་ཧན་གོ་ཕྱོགས་ལ་བརྡ་བཏང་མེད། ཧན་གོས་ཁྲའོ་ཞན་ཕྱོགས་ཀྱིས་སྦྱོང་བརྡར་བྱེད་སྐབས་ནོར་འཁྲུལ་བྱུང་ནས་སྒྱོགས་མདེལ་འཕངས་པ་དང་ཡང་ན་བསམ་བཞིན་དུ་དམིགས་ཡུལ་ཡོད་པའི་སྒོ་ནས་སྒྱོགས་མདེལ་འཕངས་པར་རྩད་གཅོད་བཞིན་ཡོད་ཟེར།

ཁྲའོ་ཞན་དང་ཧན་གོའི་བར་དུ་ཁྲའོ་ཞན་ཕྱེད་གླིང་གི་ནུབ་ཕྱོགས་མཚོ་ཁོངས་ཀྱི་ས་རྟགས་ཐད་ནས་འགལ་བ་བྱུང་ཡོད། བྱང་ཕྱོགས་མཐའ་མཚམས་ནི་ཧན་གོའི་ཡན་ཕེན་གླིང་ཕྲན་དང་བཅས་པའི་ནུབ་མཚོའི་གླིང་ལྔ་དང་ཁྲའོ་ཞན་གྱི་ནུབ་ཕྱོགས་མཚོ་འགྲམ་བར་དུ་བརྒྱབ་པའི་མཚོ་ཐོག་ས་རྟགས་ཡིན་ལ། ཁྲའོ་ཞན་གྱིས་དེ་ཁས་ལེན་གྱིན་མེད། ན་ནིང་གི་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། ཁྲའོ་ཞན་དང་ཧན་གོས་ཡན་ཕེན་གླིང་ཕྲན་ནས་ཕན་ཚུན་ལ་སྒྱོགས་མདེལ་འཕངས་པ་དང་། ཕྱོགས་གཉིས་ཀྱིས་ཕ་རོལ་བས་སྔོན་ལ་སྒྱོགས་མདེལ་འཕངས་པ་རེད་ཅེས་སྐྱོན་བརྗོད་བྱས།

  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་མ་ལེའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་ཉེན་བརྡ་བཏ
  • ལེ་ཚན་རྗེས་མ།:ལོན་ཏོན་གྱི་ཟིང་འཁྲུག་གྲོང་ཁྱེར་མང་པོར་མཆེད་པ།
  • དོ་སྣང་ཆེ་བའི་རྩོམ།