མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་མ་ལེའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་ཉེན་བརྡ་བཏང་བ།

ཕྱུག་ལོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-08-12

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་རོགས་སྐྱོར་ལས་དོན་གྱི་འགན་འཁུར་བའི་དྲུང་ཡིག་ཆེན་མོའི་ལག་རོགས་པ་པུའུ་ལ་ཀི་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཐན་སྐྱོན་ལ་བརྟེན་ནས་བྱུང་བའི་སོ་མ་ལེའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དེ་ད་དུང་ཚབས་ཆེ་བའི་ཚད་དུ་ཐོན་མེད་ལ། གནོད་འཚེ་ཐེབས་མཁན་ལ་འཚོ་བཅུད་ཀྱིས་མི་འདང་བ་དང་། འབྲུ་རིགས་ཀྱི་རིན་གོང་མཐོ་བ་སོགས་ལ་བརྟེན་ནས་ཉམས་ཉེན་དེ་སྔར་ལས་ཚབས་ཇེ་ཆེར་འགྲོ་སྲིད་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེའི་སྔ་དྲོར་གྲོས་ཚོགས་བསྡུས་ཏེ། པུའུ་ལ་ཀི་ཡིས་སོ་མ་ལེའི་མི་ཆོས་རིང་ལུགས་ཐད་ཀྱི་གནས་བབ་ཡར་ཞུ་བྱས་པར་ཉན། ཁོ་མོས་བཤད་རྒྱུར། ད་ལྟ་སོ་མ་ལེའི་མི་ས་ཡ་གསུམ་དང་འབུམ་བདུན་ལ་བཀྲེས་ལྟོགས་ཀྱི་འཇིགས་ཉེན་ཐེབས་ཡོད་པ་དང་། དེའི་ནང་དུ་མི་ས་ཡ་གསུམ་དང་འབུམ་གཉིས་ལ་ཚེ་སྲོག་མྱུར་སྐྱོབ་ཀྱི་བྲེལ་མྱུར་རོགས་སྐྱོར་མཁོ་ཡོད། ས་མ་ལེའི་ཉམས་ཉེན་ནི་དེང་སྐབས་འཛམ་གླིང་གི་ཆེས་ཚབས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དུ་གྱུར་ཡོད་ལ། གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོ་ནས་གོ་གཉིས་ལོའི་བར་དུ་སོ་མ་ལེའི་བཀྲེས་ལྟོགས་ཚུན་གྱི་ཨ་ཧྥེ་རི་ཁའི་ཆེས་ཚབས་ཆེ་བའི་འབྲུ་རིགས་བདེ་འཇགས་ཐད་ཀྱི་ཉམས་ཉེན་རེད་ཟེར།

པུའུ་ལ་ཀི་ཡིས་གནོད་འཚེ་ཐེབས་མཁན་ལ་འཚོ་བཅུད་ཀྱིས་མི་འདང་བ་དང་། ལོ་ལྔའི་མན་གྱི་བྱིས་པ་རྐྱེན་ལམ་དུ་ཤོར་ཚད་ཇེ་མང་དུ་འགྲོ་བ། འབྲུ་རིགས་ཀྱི་རིན་གོང་འཕར་བ་སོགས་ལ་བརྟེན་ནས། སོ་མ་ལེའི་ཉམས་ཉེན་དེ་ད་དུང་ཚབས་ཇེ་ཆེར་འགྲོ་སྲིད་ཅེས་ཉེན་བརྡ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སོ་མ་ལེའི་གནད་དོན་གྱི་དམིགས་བསལ་འཐུས་མི་མ་ཞི་ཅ་ཡིས་ཀྱང་ཉིན་དེར་ཁ་པར་ལས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གནས་ཚུལ་ཡར་ཞུ་བྱས། ཁོས་བཤད་རྒྱུར། སོ་མ་ལེའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་དབྱི་སི་ལན་ན་གཞོན་ལས་འགུལ་ཚེས་དྲུག་ཉིན་སོ་མ་ལེའི་རྒྱལ་ས་མོ་ཀ་ཏེ་ཧྲ་ནས་ཕྱིར་འཐེན་བྱས་པས། སོ་མ་ལེ་སྔ་ན་མེད་པའི་གོང་འཕེལ་གྱི་གོ་སྐབས་བཟང་པོར་འཕྲད་ཡོད་ལ། ཉེན་ཁ་དང་འགྲན་རྩོད་ཆེན་པོར་ཡང་འཕྲད་ཡོད། ད་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམ་བཅའ་ལག་བསྟར་བྱས་ཏེ། སོ་མ་ལེ་ལ་མྱུར་དུ་སྟོབས་དང་ལྡན་པའི་རྒྱབ་སྐྱོར་བྱེད་པའི་དུས་རེད་ཟེར།

  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་ཙུང་ཐུང་གིས་ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་གྱི་ལས་འགན་མུ་མཐུད་དུ་ཡོངས་འགྲུབ་བྱེད་རྒ
  • ལེ་ཚན་རྗེས་མ།:ཧན་གོ་དང་ཁྲའོ་ཞན་གྱིས་ཕན་ཚུན་ལ་སྒྱོགས་མདེལ་འཕངས་པ།
  • དོ་སྣང་ཆེ་བའི་རྩོམ།