ཁྲའོ་ཞན་དམག་ཕྱོགས་ཀྱིས་འཕྲིན་ཡིག་སྤེལ་ནས་ཨ་མེ་རི་ཁ་དང་ཧན་གོས་མཉམ་འབྲེལ་དམག་སྦྱོང་མི་བྱེད་རྒྱུའི་རེ་བ་བཏོན་པ།

ཕྱུག་ལོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-08-10

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་མི་དམངས་དམག་དཔུང་འཐུས་ཚབ་ཁང་གིས་ཚེས་བདུན་ཉིན་ཨ་མེ་རི་ཁ་དང་ཧན་གོར་འཕྲིན་ཡིག་བཏང་ནས། ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་གྱི་མཉམ་འབྲེལ་དམག་སྦྱོང་མི་བྱེད་པར། ཁྲའོ་ཞན་ལ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་འདོད་བློ་གསལ་བོར་སྟོན་དགོས་པའི་རེ་བ་བཏོན།
  འཕྲིན་ཡིག་ནང་དུ། གཞན་ལ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་ལྷག་བསམ་མཚོན་པའི་བྱ་སྤྱོད་ཡོད་དགོས་པའི་རེ་བ་བཏོན་མོད། ཡིན་ནའང་རང་གིས་ཉིང་རྡུལ་སྒུལ་ཤུགས་དང་འཐབ་ཇུས་ཉིང་རྡུལ་འགོག་རྒོལ་དམག་དཔུང་ལ་ཕ་རོལ་བར་འཇིགས་སྣང་སློང་བའི་དམག་སྦྱོང་བྱེད་དུ་འཇུག་པ་དེ་ནི་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་འགུལ་སྐྱོད་ཀྱི་རྩ་དོན་དང་འགལ་ཡོད། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དེ་ཕྱོགས་གཅིག་གིས་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་ཞིག་མིན་པས། ཁྲའོ་ཞན་གྱི་ཉིང་རྡུལ་མཚོན་ཆའི་ཐད་ཀྱི་འཇིགས་སྣང་སེལ་བའི་ཆ་ཚང་ཞིང་དྲང་བདེན་ཡིན་པའི་འཆར་གཞི་ལག་བསྟར་བྱེད་དགོས་ཞེས་བཀོད་ཡོད།
  འཕྲིན་ཡིག་ནང་དུ། ད་ནི་སྔོན་ཆད་དང་མི་འདྲ་བས། ཁྲའོ་ཞན་གྱི་དམག་དཔུང་དང་མི་དམངས་ཀྱིས་འཛམ་གླིང་གི་མདུན་ནས་རང་ལ་རང་ཉིད་སྲུང་བའི་སྟོབས་དང་ལྡན་པའི་ཉིང་རྡུལ་བཀག་འགོག་ནུས་པ་ཡོད་པ་སྦ་གསང་གཏན་ནས་མི་བྱེད། གལ་ཏེ་ཕ་རོལ་བས་ངེས་པར་དུ་ཉིང་རྡུལ་དམག་འཁྲུག་སློང་རྒྱུ་ཟེར་ན། ཁྲའོ་ཞན་གྱིས་ཀྱང་ཉིང་རྡུལ་མཚོན་ཆ་བཀོལ་ནས་དེར་ཁ་གཏད་འཇལ་བའི་གྲ་སྒྲིག་བྱས་ཡོད་ཅེས་མངོན་གསལ་སྒོས་བཤད་ཆོག་ཅེས་བཀོད་ཡོད།
  འཕྲིན་ཡིག་ནང་དུ། ཨ་མེ་རི་ཁ་དང་ཧན་གོས་ཐེངས་འདིའི་མཉམ་འབྲེལ་དམག་སྦྱོང་མི་བྱེད་པར། ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་དང་། ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་འདོད་བློ་དངོས་སུ་མཚོན་དགོས་པའི་འབོད་སྐུལ་བཏང་ཡོད།
  • ལེ་ཚན་སྔོན་མ།:ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་ལས་ཨུ་རུ་སི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཁྲོད་ཞུགས་པའི་གནད་དོན་
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་ཙུང་ཐུང་གིས་ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་གྱི་ལས་འགན་མུ་མཐུད་དུ་ཡོངས་འགྲུབ་བྱེད་རྒ
  • དོ་སྣང་ཆེ་བའི་རྩོམ།