ཨེ་ཅིབ་ཀྱིས་འདྲེན་གཏོང་བྱས་པའི་རང་བྱུང་སོལ་རླངས་ལྕགས་མདོང་ལ་སླར་ཡང་འཇབ་རྒོལ་ཕོག་པ།

        2011-08-03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས30ཉིན་དྲག་ཆས་པ་འགའ་ཞིག་གིས་ཨེ་ཅིབ་ཀྱི་ཤིས་ནའེ་ཕྱེད་གླིང་བྱང་རྒྱུད་ཀྱི་ཨ་ལི་ཧྲེ་ཡི་ཉེ་འདབས་སུ་གནས་པའི་རང་བྱུང་སོལ་རླངས་ལྕགས་མདོང་ལ་འཇབ་རྒོལ་བྱས་པ་དེ་ནི་ཨེ་ཅིབ་ཀྱིས་དབྱི་སི་རལ་དུ་འདྲེན་གཏོང་བྱས་པའི་རང་བྱུང་སོལ་རླངས་ལྕགས་མདོང་ལ་འདི་ལོའི་ཟླ་བ2པ་ཚུན་འཇབ་རྒོལ་ཕོག་ཐེངས་དྲུག་པ་དེ་ཡིན་པ་མ་ཟད་ཟླ་བ7པ་ཤར་ཚུན་འཇབ་རྒོལ་ཕོག་ཐེངས་གསུམ་པ་དེའང་ཡིན་པ་རེད།

《ཨེ་ཅིབ་ཀྱི་སྤྱི་བསྒྲགས》ནང་གནས་ཚུལ་སྤེལ་བར་གཞིགས་ན། ལག་འབོམ་འཁྱེར་བའི་དྲག་ཆས་པ་འགའ་ཞིག་གིས་སྦག་སྦག་དང་དེ་བཞིན་རླངས་འཁོར་བཏང་སྟེ་ཨ་ལི་ཧྲེ་རུ་གནས་པའི་རང་བྱུང་སོལ་རླངས་ལྕགས་མདོང་ལ་འཇབ་རྒོལ་བྱེད་རྩིས་བྱས་རུང་ཨེ་ཅིབ་དྲག་ཆས་དཔུང་སྡེ་དང་འཕྲང་འགག་ཏུ་ཐུག་ནས་ཕྱོགས་གཉིས་པོས་དམག་འཐབ་དྲག་པོ་བརྒྱབ་ཡོད་པ་རེད། ཨེ་ཅིབ་ཀྱི་དཔོན་རིགས་ཤིག་གིས“དྲག་ཆས་པ་འགའ་ཞིག་གིས་འདི་གར་རང་བྱུང་སོལ་རླངས་ལྕགས་མདོང་ལ་འཇབ་རྒོལ་བྱས་ཀྱང་སྟབས་ལེགས་པ་ཞིག་ལ་ཟླ7པའི་ཚེས11ཉིན་འདི་གར་འབར་གཏོར་གྱི་དོན་རྐྱེན་ཐོན་རྗེས་ལྕགས་མདོང་ནང་རང་བྱུང་སོལ་རླངས་མེད”ཅེས་གསར་འགོད་པར་བཤད་པ་རེད།མིག་སྔར་ད་རེས་ཀྱི་འཇབ་རྒོལ་དེར་འགན་འཁུར་གྱི་ཡིན་ཞེས་བརྗོད་མཁན་རྩ་འཛུགས་བྱུང་མེད་ཅིང་།སྨྱན་སྦྱོར་ཚན་པས་དབྱེ་ཞིབ་བྱས་པར་གཞིགས་ན།ཤིས་ནའེ་ཕྱེད་གླིང་དུ་སྡོད་མཁན་པེ་ཏུའུ་དབྱིན་ཚོ་ཁག་གི་དབྱི་སི་ལམ་ཐལ་སྐྱོད་པ་དང་འབྲེལ་བ་ཡོད་པ་རེད།ཨེ་ཅིབ་ཀྱིས་དབྱི་སི་རལ་དུ་འདྲེན་གཏོང་བྱས་པའི་རང་བྱུང་སོལ་རླངས་དེས་དབྱི་སི་རལ་གྱི་རང་བྱུང་སོལ་རླངས་འཛད་སྤྱོད་བྱེད་ཚད་ཀྱི40%བཟུང་བ་དེ་གཙོ་བོ་གློག་གཏོང་རྒྱུར་སྤྱོད་ཀྱི་ཡོད་པ་རེད། 2008ལོར་བཞག་པའི་ཨེ་ཅིབ་དང་དབྱི་སི་རལ་དབར་གྱི་དུས་ཡུན་ལོ་བཅོ་ལྔ་ཡི་རང་བྱུང་སོལ་རླངས་མཁོ་འདོན་གྱི་གན་རྒྱར་ཨེ་ཅིབ་ཏུ་ངོ་རྒོལ་བྱེད་མཁན་མང་པོ་ཡོད་པ་དང་ཨེ་ཅིབ་བས་དབྱི་སི་རལ་ནས་བསྡུས་པའི་སོལ་རླངས་ཀྱི་རིན་གོང་དམའ་དྲག་པར་བརྟེན་ཨེ་ཅིབ་ལ་གྱོ ང་གུན་ཚབས་ཆེན་ཕོག་པའི་ངོས་འཛིན་གྱི་ཡོད་པ་རེད།མུའུ་པ་ལ་ཁེ་ལས་དགོངས་ཞུས་རྗེས་ཨེ་ཅིབ་ཀྱིས་ཉོ་ཚོང་དེའི་ནང་ཨེ་ཅིབ་ཀྱི་དེ་སྔའི་རྡོ་སྣུམ་པུའུ་ཀྲང་ཚུད་པའི་མཐོ་རིམ་དཔོན་རིགས་ལ་རུལ་སུངས་ཀྱི་སྤྱོད་ངན་ལྡན་པའི་སྐྱོན་བརྗོད་བྱས་པ་ཚུད་པའི་གན་རྒྱ་དེར་བཟོ་བཅོས་རྒྱག་རྒྱུའི་རེ་བ་སྔར་ནས་བྱེད་ཀྱི་ཡོད་པ་རེད།

དབྱི་སི་རལ་དང་ས་མཚམས་སྦྲེལ་བའི་ཨེ་ཅིབ་ཀྱི་ཤིས་ནའེ་ཕྱེད་གླིང་གི་དུས་བབ་མུ་མཐུད་ཡོ་ལངས་ཆེ་བ་དང་རང་བྱུང་སོལ་རླངས་ལྕགས་མདོང་ལ་འབར་གཏོར་ཡང་ཡང་ཕོག་པར་གཞིགས་ནས་དབྱི་སི་རལ་རྒྱལ་ནང་དུ་ཨེ་ཅིབ་ནས་རང་བྱུང་སོལ་རླངས་ནང་འདྲེན་བྱེད་མཚམས་འཇོག་རྒྱུའི་རྣམ་འགྱུར་བསྟན་གྱི་ཡོད་ཅིང་། ཚེས31ཉིན《ཅེ་རུས་ས་ལེམ་སྦྲག་ཚགས》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་ནུས་རྒྱུའི་གནད་དོན་གྱི་རིགས་གཅིག་མཁས་པ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནུས་རྒྱུ་བློ་འདྲི་ཀུང་སིའི་དབུགས་བཞུགས་ལག་བསྟར་དཔོན་ཨ་སྨི་ཐེས“ང་ཚོས་ཁོང་དུ་ཆུད་པའི་ཆ་འཕྲིན་ཁག་གཅིག་ལ་གཞིགས་ན།ད་རེས་རང་བྱུང་སོལ་རླངས་ལྕགས་མདོང་ལ་འབར་གཏོར་གྱི་དོན་རྐྱེན་བཟོས་པ་དེ་ནི་དབྱི་སི་རལ་ལ་དམིགས་པ་ཞིག་ཡིན་ཞིང་། མ་གཞི་ས་ཁམས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ནས་བལྟས་ན་ཨེ་ཅིབ་ཀྱིས་དབྱི་སི་རལ་དུ་འདྲེན་གཏོང་བྱས་པའི་རང་བྱུང་སོལ་རླངས་འགན་ལེན་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་རུང་དབྱི་སི་རལ་གྱི་ངོས་ནས་བརྗོད་ན།རང་བྱུང་སོལ་རླངས་མེད་ཀྱང་གནད་འགག་མེད”ཅེས་གསར་འགོད་པར་བཤད་པ་དང་ཁོང་གིས་ཨེ་ཅིབ་ཀྱིས་དབྱི་སི་རལ་དབར་གྱི་རང་བྱུང་སོལ་རླངས་ཀྱི་གན་རྒྱ་སྒོ་ཀུན་ནས་ལག་ལེན་བསྟར་མིན་དེ་དེའི་རྒྱལ་སྤྱིའི་འོས་འགན་ལག་ལེན་བསྟར་མིན་དང་དབྱི་སི་རལ་ལ་ལྟ་སྟངས་ཇི་ལྟར་འཛིན་མིན་ལ་དབྱེ་ཞིབ་བྱེད་པའི་“གལ་ཆེའི་ཕྱོགས་སྟོན”ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  །

 
  • ལེ་ཚན་སྔོན་མ།:ཨུ་རུ་སུར་སྤྲོ་གསེང་གཏོང་བྱེད་ཀྱི་གྲུ་གཟིངས་དང་འདྲུད་གྲུ་རྡུང་ཁ་ཤོར་ནས་མི9རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:དབྱི་རག་གིས་ཨ་རིས་བཟོས་པའིF—16རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཉོ་རྩིས་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།