དབྱི་རག་གྲོས་ཁང་གིས་ཉིས་སྟོང་བཅུ་གཅིག་ལོའི་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་འགྲོ་སོང་ལ་ཆོག་མཆན་བཀོད་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-02-21

དབྱི་རག་གྲོས་ཁང་གིས་ཚེས་ཉི་ཤུ་ཉིན་སྲིད་གཞུང་གི་ཉིས་སྟོང་བཅུ་གཅིག་ལོའི་ནོར་སྲིད་སྔོན་རྩིས་འགྲོ་སོང་ལ་ཆོག་མཆན་བཀོད་པ་དང་། སྔོན་རྩིས་འགྲོ་སོང་གི་སྤྱི་གྲངས་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་བརྒྱད་བརྒྱ་དང་ཉེར་དྲུག་རེད།
 དབྱི་རག་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་འགྲོ་སོང་གི་བརྒྱ་ཆའི་གོ་ལྔ་རྡོ་སྣུམ་ཕྱིར་གཏོང་ལས་བྱུང་ཞིང་། དབྱི་རག་གི་དཔོན་རིགས་ཀྱིས་བཤད་པ་ལྟར་ན། སྔོན་རྩིས་འགྲོ་སོང་ནི་རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་ཟོ་རེར་ཨ་མེ་རི་ཁའི་སྒོར་མོ་དོན་དྲུག་དང་ཟུར་ལྔ་ཡིན་པ་དང་རྒྱལ་ཁབ་རང་གིས་ཉིན་རེར་མ་བཅོས་རྡོ་སྣུམ་ཟོ་ས་ཡ་གཉིས་དང་འབུམ་གཉིས་ཕྱིར་གཏོང་བྱེད་པ་གཞིར་བཟུང་སྟེ་རྩིས་པ་ཡིན་ཟེར།
 ཉིས་སྟོང་གསུམ་ལོར་ཨ་མེ་རི་ཁས་བཙན་འཛུལ་བྱས་པའི་རྗེས་སུ། དབྱི་རག་སྲིད་གཞུང་གི་ཚད་ཡོད་པའི་སྔོན་རྩིས་འགྲོ་སོང་གིས་རྒྱུན་དུ་རྒྱལ་ཁབ་དེའི་བསྐྱར་འཛུགས་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་པ་དང་། ཉིས་སྟོང་བཅུ་གཅིག་ལོའི་སྔོན་རྩིས་འགྲོ་སོང་ཁྲོད་ཀྱི་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་ཉིས་བརྒྱ་དང་ང་བདུན་དངུལ་གཏོང་ཐད་བཀོལ་རྒྱུ་ཡིན་ལ། གཞན་ད་རུང་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་ཉི་ཤུ་ལྷག་ཕྱི་རྒྱལ་གྱི་རྡོ་སྣུམ་ཀུང་ཟིའི་སྔོག་འདོན་གྲོན་དངུལ་ཐད་བཀོལ་རྒྱུ་རེད། དབྱི་རག་ཕྱོགས་ཀྱིས་ཁྱབ་སྒྲོག་བྱས་དོན། ད་ལོར་དམངས་བཀོལ་སྡོད་ཁང་དང་ཆུ་གློག་ས་ཚིགས་མང་བོ་ལས་ཏེ་མང་ཚོགས་ཀྱི་སྡོད་ཁང་དང་ནུས་ཁུངས་མི་འདང་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
 ཉེ་བའི་ལོ་འགའི་རིང་ལ་དབྱི་རག་རྒྱལ་ཁབ་ཏུ་གློག་ཤུགས་དང་ཆུ་སོགས་ནུས་ཁུངས་ཐོན་ཁུངས་མི་འདང་བའི་གནས་ཚུལ་བྱུང་ཡོད་ཅིང་། ཆ་སྙོམས་ཉིན་རེར་དུས་ཚོད་འགའི་གློག་འདོན་དུས་ཚོད་ལས་མེད་པས། དབྱི་རག་སྲིད་གཞུང་གིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་ཧུར་ཐག་སྒོས་རྒྱལ་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་བྱེད་རྒྱུ་ཐག་བཅད་པ་རེད།
  • ལེ་ཚན་སྔོན་མ།:དབྱི་ལིང་གི་ཙུང་ཐུང་གིས་གྲོས་ཁང་ལོ་རྗེས་མའི་སྔོན་རྩིས་འགྲོ་སོང་སྙན་ཞུ་སྤྲད་པ།
  • ལེ་ཚན་རྗེས་མ།:ཧྥ་རན་སིའི་སྲིད་གཞུང་གིས་བཅོས་སྒྲིག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།