ཡེ་མིན་གྱི་རྒྱལ་ས་ནས་རྔམ་སྟོན་པ་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་བ།
ཕྱུག་ལོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-02-16
རྔམ་སྟོན་པ་སྟོང་གཅིག་ཙམ་གྱིས་ཚེས་བཅོ་ལྔ་ཉིན་ཡེ་མིན་རྒྱལ་ཁབ་ཀྱི་རྒྱལ་ས་ས་ན་ནས་རྔམ་སྟོན་ཁྲོམ་སྐོར་བྱས་པར་མ་ཟད་ཙུང་ཐུང་བཞུགས་ཤག་གི་ཕྱོགས་སུ་འགྲོ་སྐབས། དྲག་འགོག་ཉེན་རྟོག་པ་དང་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ལྔ་བརྒྱས་རྔམ་སྟོན་པར་བཀག་འགོག་བྱས་པ་དང་། ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་ནས་རྔམ་སྟོན་པ་འགའ་ལ་འཁྲུག་རྩོད་ཁྲོད་རྨས་ཕོག
ཉིན་དེར་རྔམ་སྟོན་པ་རྣམས་ས་ན་སློབ་གྲྭ་ཆེན་མོ་ནས་ཙུང་ཐུང་བཞུགས་ཤག་གི་ཕྱོགས་སུ་བསྐྱོད་སྐབས། དྲག་འགོག་ཉེན་རྟོག་པས་ཉེན་རྟོག་དབྱུག་པ་བཀོལ་ནས་ཁྲོམ་སྐོར་རུ་ཁག་མདུན་དུ་བསྐྱོད་པར་བཀག་འགོག་བྱས་པར་མ་ཟད་རྔམ་སྟོན་པ་རྣམས་ཁ་འཐོར་དུ་བཏང་བ་དང་། རྔམ་སྟོན་པ་འགའ་ལ་རྨས་ཕོག
ཡེ་མིན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཡ་ཏེན་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེར་ཡ་ཏེན་ནས་ཀྱང་མི་བརྒྱ་ཕྲག་སྲང་ལམ་དུ་སོང་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་བར་སྣང་ལ་མདས་བརྒྱབ་སྟེ་རྔམ་སྟོན་པ་རྣམས་ཁ་འཐོར་དུ་བཏང་ཟེར། ས་དེའི་ཉེན་རྟོག་དཔོན་པོ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། རྔམ་སྟོན་པས་རྒྱུན་ལྡན་ལྟར་དུ་ལྷོ་ཕྱོགས་ཁ་བྲལ་དུ་གཏོང་བའི་ཁ་གཡང་མ་བསྒྲགས་མོད། ཡིན་ནའང་ཁོ་ཚོས་ཡེ་མིན་གྱི་ཙུང་ཐུང་དང་ཁོའི་ཁྱིམ་མི་ཡེ་མིན་དང་འབྲལ་དགོས་པའི་རེ་བ་བཏོན་ཟེར།
ཡེ་མིན་ནི་ཨ་རབ་ཕྱེད་གླིང་གི་ཆེས་ལྷོ་ཕྱོགས་སུ་ཆགས་པ་དང་། འཛམ་གླིང་སྟེང་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་ཀྱི་གྲས་ཡིན། ཉིས་སྟོང་བརྒྱད་ལོར་བསྒྲགས་པ་ལྟར་ན་རྒྱལ་ཁབ་དེའི་ལས་ཤོར་གྱི་ཚད་བརྒྱ་ཆའི་སོ་ལྔ་ཡིན་ལ། དེའི་རྗེས་སུ་ལས་ཤོར་གྱི་ཚད་བསྒྲགས་མ་མྱོང་མོད། ཡིན་ནའང་གསར་འགྱུར་ལས་ཁུངས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན་ད་ལྟ་ཡེ་མིན་གྱི་ལས་ཤོར་གྱི་ཚད་བརྒྱ་ཆའི་བཞི་བཅུ་ལས་བརྒལ་ཡོད་ཟེར། ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ནས་བཟུང་རྒྱལ་ས་ས་ན་དང་བཅས་པའི་ཡེ་མིན་གྱི་གྲོང་ཁྱེར་ཆེན་པོ་སོ་སོ་ནས་བསྟུད་མར་རྔམ་སྟོན་ཁྲོམ་སྐོར་བྱུང་།