ཨར་ཅི་རི་ཡའི་སྲིད་ཏང་ཞིག་གིས་ཨ་མེ་རི་ཁ་སོགས་ཀྱིས་ཨར་ཅི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་རྒྱུའི་རེ་བ་བཏོན་པ།

ཕྱུག་ལོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-02-16

ཨར་ཅི་རི་ཡའི་ངལ་རྩོལ་བཟོ་བའི་ཏང་གིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁ་སོགས་ཀྱིས་རང་ཚོད་བཟུང་ནས་ཨར་ཅི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་རྒྱུའི་རེ་བ་བཏོན།
 གསལ་སྒྲོག་ནང་དུ་ཨར་ཅི་རི་ཡའི་གནད་དོན་དེ་ཨར་ཅི་རི་ཡའི་མི་རང་ཉིད་ཀྱིས་ཐག་གཅོད་དགོས་པ་དང་། ཨར་ཅི་རི་ཡའི་མི་སུ་ཡིས་ཀྱང་རྒྱལ་ཁབ་གཞན་པར་ཨར་ཅི་རི་ཡའི་བདག་དབང་ལ་བཙན་འཛུལ་བྱེད་དུ་མི་འཇུག ཨར་ཅི་རི་ཡའི་མི་མང་ཆེ་ཤོས་ཀྱིས་ཕྱི་རྒྱལ་གྱིས་ཨར་ཅི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་བཀག་འགོག་བྱེད་པ་ཡིན་ཞེས་བཤད་ཡོད།
 བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁ་དང་འཇར་པན་གྱིས་ཚེས་བཅུ་གསུམ་ཉིན་ཨར་ཅི་རི་ཡའི་སྲིད་གཞུང་གིས་རྔམ་སྟོན་བྱ་འགུལ་གྱི་གནད་དོན་ཐག་གཅོད་སྐབས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་། ཧྥ་རན་སིའི་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་ཨར་ཅི་རི་ཡ་སྲིད་གཞུང་གིས་མང་ཚོགས་ལ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།
 ཨར་ཅི་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་མད་ཏི་ལེ་ཞི་ཡིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། ཚེས་བཅུ་གཉིས་ཉིན་རྒྱལ་ས་ཨར་ཅི་ཨར་ནས་བྱུང་བའི་འདུ་ཚོགས་ཁྲོམ་སྐོར་རྩ་འཛུགས་བྱེད་མཁན་ལ་ཚབ་མཚོན་རང་བཞིན་མི་ལྡན་པར་མ་ཟད། དེས་ཨར་ཅི་རི་ཡའི་མི་མང་ཆེ་ཤོས་ཀྱི་ཚབ་བྱེད་མི་ཐུབ། ཨར་ཅི་རི་ཡའི་བདེ་འཇགས་སྡེ་ཁག་གིས་ཁྲོམ་སྐོར་པའི་འགྲན་སློང་བའི་བྱ་སྤྱོད་ལ་ཁ་གཏད་བཟང་པོ་འཇལ་བར་མ་ཟད། འདུ་ཚོགས་ཁྲོད་འཛིན་བཟུང་བྱས་པའི་མི་ཚང་མ་ཕྱིར་བཏང་བ་ཡིན་ཟེར།
  • ལེ་ཚན་སྔོན་མ།:ནེའུ་ཙེ་ལན་གྱི་ལྷོ་ཕྱོགས་གླིང་ཕྲན་ནས་ཚད་རིམ་ལྔ་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་བ།
  • ལེ་ཚན་རྗེས་མ།:ཡེ་མིན་གྱི་རྒྱལ་ས་ནས་རྔམ་སྟོན་པ་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།