ཕྱུག་ལོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-01-20
ས་དེའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཝ་ཧྲིན་ཏུན་གྱི་ཨན་ཏི་ལུའུ་སི་མཁའ་དམག་རྟེན་གཞི་རུ་ཐོན་ནས། ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།
ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཚེས་བཅོ་བརྒྱད་ཉིན་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཏུན་ལ་ཐོན་ནས། ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།
ས་དེའི་དུས་ཚོད་བཅུ་དྲུག་ཡས་མས་སུ། ཧུའུ་ཅིན་ཐའོ་བཞུགས་པའི་ཆེད་བཏང་གནམ་གྲུ་ཝ་ཧྲིན་ཏུན་གྱི་ཨན་ཏི་ལུའུ་སི་མཁའ་དམག་རྟེན་གཞི་རུ་ཐོན། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པད་ཏིན་སོགས་ཀྱིས་གནམ་གྲུ་ཐང་ནས་སྤྲོ་སེམས་འཁོལ་བའི་ངང་ཧུའུ་ཅིན་ཐའོ་ལ་བསུ་བ་བྱས།
ཧུའུ་ཅིན་ཐའོ་ཡིས་གནམ་གྲུ་ཐང་ནས་ཡིག་ཐོག་གི་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ཏེ་ལོ་སོ་གཉིས་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྤྱིར་བཏང་གིས་གོང་འཕེལ་དུ་འགྲོ་བའི་སྣང་ཚུལ་བཟང་པོ་བྱུང་། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་རྒྱ་ཆེན་པོ་ནས་མཉམ་ལས་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་གལ་ཆེན་ཁྲོད་ཀྱི་གཞོགས་འདེགས་དང་མཐུན་སྦྱོར་ཐད་ནས་ཕན་འབྲས་ཕུན་སུམ་ཚོགས་པ་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་བཏོན་ཟེར།
ཧུའུ་ཅིན་ཐའོ་ཡིས་གསུངས་རྒྱུར། ཁོས་ཐེངས་འདིའི་ཨ་མེ་རི་ཁར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཆེར་གཏོང་བ་དང་མཛའ་བརྩེ་ལ་ཤུགས་སྣོན། མཉམ་ལས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དུས་རབས་ཉེར་གཅིག་པའི་མཉམ་ལས་བཟང་པོ་བྱེད་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་མུ་མཐུད་དུ་གོང་འཕེལ་དུ་གཏོང་རྒྱུ་དེ་ཡིན། ཁོས་ཙུང་ཐུང་ཨོ་པ་མ་ལ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱེད་པར་རེ་སྒུག་བྱས་ཡོད་ཟེར།
ཧུའུ་ཅིན་ཐའོ་ཡིས་ཀྲུང་གོས་ཨ་མེ་རི་ཁ་དང་མཉམ་དུ། ཕན་ཚུན་བརྩི་བཀུར་དང་གཉིས་ཕན་གཉིས་རྒྱལ་གྱི་རྨང་གཞིའི་སྟེང་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གོང་འཕེལ་བཟང་པོར་གཏོང་འདོད་ཡོད་པ་དང་། རྒྱལ་ཁབ་སོ་སོ་དང་མཉམ་དུ། ཡུན་རིང་ཞི་བདེ་དང་ཐུན་མོང་དར་རྒྱས་ཀྱི་འཆམ་མཐུན་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10