ཧན་གོ་དང་འཇར་པན་གྱིས་དམག་དོན་མཉམ་ལས་གྲོས་ཆོད་འགོད་པར་ཐུན་མོང་གི་ལྟ་ཚུལ་བྱུང་བ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-11

ཧན་གོའི་རྒྱལ་སྲུང་པུའུ་ཀྲང་ཅིན་ཁོན་ཀྲིན་གྱིས་ཚེས་བཅུ་ཉིན་ཧྲིག་ཨར་ནས་འཚམས་འདྲིར་ཡོང་བའི་འཇར་པན་རྒྱལ་སྲུང་བློན་ཆེན་པེ་ཙི་ཅོན་མེ་དང་གྲོས་མོལ་བྱས། གཉིས་ཀྱིས་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་ཆོད་འགོད་པར་ཐུན་མོང་གི་ལྟ་ཚུལ་བྱུང་།
 ཧན་གོའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཕན་ཚུན་གྱི་དམག་དོན་དགོས་མཁོར་རོགས་རམ་བྱེད་པའི་གྲོས་ཆོད་འགོད་པར་གྲོས་མོལ་ཞིབ་ཏུ་བྱས། གྲོས་ཆོད་དེ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་བསྐྱོད་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར། གཞི་རྒྱ་ཆེ་བའི་རྒུད་སྐྱོབ་འགུལ་བསྐྱོད་སོགས་སྤེལ་བའི་གནས་ཚུལ་འོག ཧན་གོའི་དམག་དཔུང་དང་འཇར་པན་གྱི་རང་སྲུང་དམག་དཔུང་གིས་ཕན་ཚུན་བར་འབྲུ་རིགས་དང་འབར་རྫས་སོགས་རྒུད་སྐྱོབ་དངོས་རྫས་འདོན་སྤྲོད་བྱས་ཆོག་པ་རེད།
 ཧན་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་ད་རུང་དམག་དོན་གསང་འཕྲིན་མཉམ་དུ་ལོངས་སུ་སྤྱོད་པ་མངོན་འགྱུར་བྱེད་པར་ཐུན་མོང་གི་ལྟ་ཚུལ་བྱུང་བ་དང་། ཕྱིན་ཆད་མཉམ་དུ་གསང་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ཆོད་དོན་ལ་གྲོས་བསྡུར་བྱེད་རྒྱུའི་བསམ་ཚུལ་བསྟན།
 ཕྱོགས་གཉིས་ཀྱིས་ད་རུང་ཐེན་ཨར་རྟགས་ཅན་གྱི་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་དང་། ཡན་ཕེན་གླིང་ཕྲན་གྱི་མེ་སྒྱོགས་འཇབ་རྒོལ་དོན་རྐྱེན་སོགས་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། དམག་དོན་ཁྱབ་ཁོངས་ཀྱི་མི་སྣ་དང་། སློབ་གསོ། སྔོག་བཤེར་རྒུད་སྐྱོབ་ཀྱི་སྦྱོང་བརྡར་སོགས་ཐད་ཀྱི་བརྗེ་རེས་དང་མཉམ་ལས་སྔར་ལས་རྒྱ་བསྐྱེད་རྒྱུ་ཐག་བཅད།
  • ལེ་ཚན་སྔོན་མ།:ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་གཟའ་འཁོར་འདིའི་ནང་ཝ་ཧྲིན་ཏོན་ནས་བརྒྱུད་པའི་གྲོས་མོལ་བྱེད་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ཅིན་ཀྲིན་རི་ཡིས་དུས་ནམ་ཡང་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་བྱེད་དགོས་པ་ནན་བཤད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།