མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་མི་ཉུང་འཕྲིའི་གྲོས་ཚོགས་འཇར་པན་གྱི་ཆི་ཡུས་ནས་བསྡུས་པ།

བསོད་ནམས་ཚེ་རིང་།        2010-08-27

 ཚོགས་ཡུན་ཉིན་གསུམ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་མི་ཉུང་འཕྲིའི་གྲོས་ཚོགས་ཚེས25ཉིན་འཇར་པན་གྱི་ཆི་ཡུས་རྫོང་ཆི་ཡུས་གྲོང་ཁྱེར་ནས་ཚོགས། གྲོས་ཚོགས་ནས་གཙོ་བོ་ཀྲུང་ཏུང་ས་ཁུལ་དུ་ཉིང་རྡུལ་མེད་པའི་རེ་འདོད་སོགས་ཉིང་རྡུལ་མེད་པའི་འཛམ་གླིང་མངོན་འགྱུར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ཉིང་རྡུལ་མེད་པའི་འཛམ་གླིང་སྟེ་རེ་འདོད་ནས་འགུལ་བསྐྱོད་ཅེས་པ་དེ་ཡིན་ཞིང་། ཉིན་དང་པོའི་གྲོས་ཚོགས་སྟེང་། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ད་ལོའི་ཟླ5བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིང་རྡུལ་མཚོན་ཆ་མི་མཆེད་པའི་ཆིངས་ཡིག་ལ་གྲོས་ཞིབ་བྱེད་པའི་གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་ཡིག་ཆ་ཆེས་རྗེས་མ་ཇི་ལྟར་དངོས་འབེབ་བྱེད་པ་སོགས་ལ་གྲོས་བསྡུར་བྱས། གྲོས་ཚོགས་ཀྱི་སྐབས་སུ། གྲོས་ཚོགས་ལ་ཞུགས་པའི་འཐུས་མིས་ད་རུང་རྒྱལ་ཁབ་སོ་སོས་ཉིང་རྡུལ་མེད་པའི་འཛམ་གླིང་མངོན་འགྱུར་བྱེད་པའི་བྱེད་ཐབས་དང་། ཁྲའོ་ཞན་དང་དབྱི་ལིང་གི་ཉིང་རྡུལ་ནུས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། ཐེངས་འདིའི་གྲོས་ཚོགས་ནི་མཉམ་འབྲེལ་རྒྱལ་ཚོགས་དམག་མི་ཉུང་འཕྲིའི་ལས་དོན་གཞུང་སྒྲུབ་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་དང་དམག་མི་ཉུང་འཕྲིའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པ་དང་། འཛམ་གླིང་གི་རྒྱལ་ཁབ་བཅོ་བརྒྱད་ཀྱི་སྲིད་གཞུང་དཔོན་རིགས་དང་ཤེས་ལྡན་པ80གྲོས་ཚོགས་ལ་ཞུགས། མཉམ་འབྲེལ་རྒྱལ་ཚོགས་དམག་མི་ཉུང་འཕྲིའི་གྲོས་ཚོགས་དེ1989ལོ་ནས་བཟུང་ལོ་རེ་བཞིན་འཇར་པན་ནས་ཐེངས་རེ་ཚོགས་པ་ཡིན་ལ། ད་ལོ་ནི་ཐེངས་ཉེར་གཉིས་པ་རེད། །
 
  • ལེ་ཚན་སྔོན་མ།:ལེ་པཱ་ནུན་གྱི་རྒྱལ་སའི་སྣུམ་སྣོན་ས་ཚིགས་ཤིག་ལ་འགས་གཏོར་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:ཕན་ཅི་བུན་གྱིས་ཀང་གོའི་བཙན་གཡེམ་བྱེད་པའི་དོན་རྐྱེན་ལས་ཞི་བདེར་ཤུགས་སྣོན་པའི་གལ་ཆེན་རང་བཞིན་འབུར་ཐོན་
  • དོ་སྣང་ཆེ་བའི་རྩོམ།