མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་མ་ལེས་ད་ལོར་གྲོས་ཁང་གཉིས་ཀྱི་ལམ་ལུགས་ཀྱི་མཉམ་འབྲེལ་གྲོས་ཁང་འཛུགས་པར་དགའ་བསུ་ཞུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-02-01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་སོ་སོར་གསལ་སྒྲོག་སྤེལ་ནས།སོ་མ་ལེའི་སྲིད་གཞུང་གིས་ད་ལོར་གྲོས་ཁང་གཉིས་ཀྱི་ལམ་ལུགས་ཀྱི་མཉམ་འབྲེལ་གྲོས་ཁང་འདེམ་བསྐོ་བྱེད་རྒྱུའི་ཐག་བཅད་པར་དགའ་བསུ་ཞུས།ཕན་ཅི་ཝུན་གྱིས་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས་བཤད་རྒྱུར།སོ་མ་ལེའི་སྲིད་གཞུང་གིས་ཉིན་དེར་ད་ལོར་བཟོད་སྒོམ་དང་འཐུས་མི་ལམ་ལུགས་ཀྱི་རྨང་གཞིའི་སྟེང་གྲོས་ཁང་གཉིས་ཀྱི་ལམ་ལུགས་ཀྱི་མཉམ་འབྲེལ་གྲོས་ཁང་འཛུགས་རྒྱུའི་ཐག་བཅད་པ་དང་།ཁོས་བལྟས་ན་བྱ་སྤྱོད་དེས་སོ་མ་ལེས་ཆབ་སྲིད་ཚུལ་སྒྱུར་དུས་ལྟར་ཡོངས་འགྲུབ་བྱེད་པར་རྨང་གཞི་འདིང་ངེས་རེད་ཟེར།ཕན་ཅི་ཝུན་གྱིས་བལྟས་ན།སོ་མ་ལེའི་སྲིད་གཞུང་གི་འདེམ་བསྐོའི་འཕེལ་རིམ་སྐོར་གྱི་ཐག་གཅོད་དེ་ནི་ས་གནས་དབང་འཛིན་ལས་ཁུངས་དང་།གྲོས་མི།རིགས་རྒྱུད་སོ་སོའི་དཔོན་པོ།དམངས་ཁྲོད་ཚོགས་པ་བཅས་ལ་གྲོས་བསྡུར་རྒྱ་ཆེན་པོ་བྱས་རྗེས་ཐག་བཅད་པ་ཞིག་ཡིན་ལ།དེས་སོ་མ་ལེའི་ཞི་བདེ་མངོན་འགྱུར་དང་རྒྱལ་ཁབ་འཛུགས་སྐྲུན་ཐད་ཀྱི་གོང་འཕེལ་མཚོན་ཡོད་པར་འདོད་ཟེར།ཁོས་ད་དུང་ཕྱོགས་སོ་སོ་འདེམ་བསྐོ་དུས་ལྟར་བསྡུ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བཤད་རྒྱུར།ཉིས་སྟོང་བཅུ་དྲུག་ལོར་ཞི་བདེ་དང་མངོན་གསལ་གྱི་འདེམ་བསྐོ་བསྡུ་བ་ནི་སོ་མ་ལེའི་མི་དམངས་ལ་མཚོན་ན་ལོ་རྒྱུས་རང་བཞིན་གྱི་དོན་དག་ཅིག་ཡིན་ལ།དེ་རྒྱལ་ཁབ་བསྟུད་མར་དམངས་གཙོ་དང་བརྟན་འཇགས་ཀྱི་ཕྱོགས་སུ་སྐྱོད་པར་ཧ་ཅང་གལ་ཆེ་བས།བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སོ་མ་ལེའི་སྲིད་གཞུང་གི་ཉིས་སྟོང་བཅུ་དྲུག་ལོའི་འདེམ་བསྐོའི་འཕེལ་རིམ་ཐད་ཀྱི་དམ་བཅའ་ལ་དགའ་བསུ་ཞུས་པ་ཡིན་ལ།སོ་མ་ལེའི་ཕྱོགས་སོ་སོས་འགལ་བ་དོར་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་ངང་འཕེལ་རིམ་དེའི་ཁྲོད་དུ་ཞུགས་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།སོ་མ་ལེ་རུ་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོ་ནས་བཟུང་ཟིང་འཁྲུག་བྱུང་བ་དང་།ཉིས་སྟོང་བཅུ་གཉིས་ལོའི་ཟླ་དགུ་བར་མཱ་ཧ་མའོ་ཏི་ཙུང་ཐུང་ལ་བདམས་པ་ནས་བཟུང་།རྒྱལ་ཁབ་འདིའི་ལོ་ཉེར་གཅིག་རིང་གི་ཆབ་སྲིད་བར་བརྒལ་དུས་སྐབས་དེ་དངོས་སུ་མཇུག་རྫོགས་པར་གྱུར།    །  
 
  • ལེ་ཚན་སྔོན་མ།:ཨུ་རུ་སི་དང་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་གཙོ་བོས་རྡོ་སྣུམ་ཕྱིར་གཏོང་ལ་མཐུན་སྦྱོར་བྱེད་པར་གྲོས་བསྡུར་བྱས།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་སྙན་ཞུ་ལས་ཉིས་སྟོང་བཅོ་ལྔ་ལོ་ནི་ལོ་རྒྱུས་སྟེང་ཆེས་དྲོ་བའི་ལོ་ཞིག་ཡིན་པར་བཤད།
  • དོ་སྣང་ཆེ་བའི་རྩོམ།